བུད་མེད་ཀྱིས་འཛམ་གླིང་ཞི་བདེ་གོང་སྤེལ་གཏོང་ཐུབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༤ཚེས་༢༩ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་བྱང་ཕྱོགས་ཧིལ་མ་ཅལ་མངའ་སྡེའི་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་འཁོད་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་གྲབས་ཡོད་པའི་སྔ་རོལ་དུ། དྷ་རམ་ས་ལའི་རྒྱ་གར་བ་རྣམས་ཀྱིས་ྋགོང་ས་མཆོག་ལ་རྟེན་འབྲེལ་གྱི་མཛད་སྒོ་འདི་གའི་སེང་གེ་སྤྱི་ཚོགས་ཞབས་ཞུ་ཁང་ཞེས་པའི་ཚོགས་ཁང་ནང་བཀོད་སྒྲིག་ཞུས་འདུག་ལ། མཛད་སྒོའི་ཐོག་ྋགོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་ལམ་སྟོན་བསྩལ་ཡོད་འདུག

དེ་ཡང་མཛད་སྒོའི་ཐོག་ྋགོང་ས་མཆོག་གིས་བྱམས་བརྩེ་ལྡན་པའི་བུད་མེད་རྣམས་ཀྱིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་འཛུགས་བསྐྲུན་ཐད་སྣེ་ཁྲིད་ཀྱི་ལས་ཁུར་ཕྲག་ལེན་བྱེད་དགོས་ལུགས་སྐོར་བཀའ་སློབ་བསྩལ་དོན། ཤེས་ཡོན་སློབ་གསོ་དང་ཀླད་པ་གཅིག་པུ་འདང་ངེས་ཤིག་དང་འགྲིག་ངེས་ཤིག་མིན་པར། ང་ཚོས་ངེས་པར་དུ་བྱམས་བརྩེ་ལྡན་པའི་ཤེས་ཡོན་སློབ་གསོ་གོང་སྤེལ་གཏོང་དགོས་ཤིང༌། དེ་སྒྲུབ་པར་བུད་མེད་ཀྱིས་གསོན་ཤུགས་སྐྱེན་པའི་ལས་ཁུར་གནང་དགོས། ཞེས་བཀའ་ཕེབས་ཡོད་འདུག

ྋགོང་ས་མཆོག་གིས་མུ་མཐུད་དུ་སེང་གེ་སྤྱི་ཚོགས་ཞབས་ཞུ་ཁང་གི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་གྱི་ལས་གཞི་ལ་བསྟོད་བསྔགས་དང༌། དེ་བཞིན་དུ་དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས་ལུགས་སྐོར་བཀའ་བསྩལ་དོན། ཁྱེད་ཅག་གི་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་གྱི་ལས་དོན་འདི་ཧ་ཅང་གལ་ཆེན་པོ་རེད་ལ། ངོས་ཀྱིས་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་གིན་ཡོད། ཅེས་དང༌། དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་འོས། གང་ཡིན་ཞེ་ན། དུས་རབས་སྔོན་མ་དེ་ང་ཚོ་དགའ་རུང་མ་དགའ་རུང་མི་ཤི་ཁྲག་སྦྱོར་དང་དྲག་སྤྱོད་ཀྱི་དུས་རབས་ཤིག་ཆགས་པ་རེད། དེ་མ་ཟད་དུས་རབས་ཉེར་གཅིག་པའི་དུས་འགོར་ཡང་དྲག་པའི་ལས་སྦྱོར་མང་པོ་བྱུང་པ་རེད། དེ་བས་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ད་སྐབས་ཀྱི་དུས་རབས་འདི་ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་ཏུ་བསྒྱུར་དགོས། གནའ་བོའི་སྲོལ་རྒྱུན་ཁག་ཅིག་ནང་མིས་བཟོས་དཀའ་རྙོག་དག་དྲག་ཤུགས་ལ་བརྟེན་ནས་སེལ་བ་རེད། འོན་ཀྱང་དེང་གི་དུས་འདིར་ང་ཚོས་དཀའ་རྙོག་རིགས་གྲོས་མོལ་བརྒྱུད་སེལ་དགོས་པ་རེད། ཅེས་གསུངས་ཡོད་འདུག

མཇུག་མཐར་ྋགོང་ས་མཆོག་གིས། ང་ཚོས་འགྲོ་བ་མིའི་བྱམས་སྙིང་རྗེ་རྨང་དུ་བཏིང་སྟེ་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་པ་རེད་ལ། དེ་དོན་སྒྲུབ་པར་བུད་མེད་ཀྱིས་གལ་ཆེའི་བའི་ལས་ཁུར་ཕྲག་ལེན་གནང་དགོས། ཞེས་བཀའ་སློབ་གནང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།