རང་དབང་གི་ལྡུམ་ར་ཞེས་པའི་དྲ་གནས་སྒོ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༧ཉིན། རྒྱ་ནག་གི་ཧྲང་ཧའེ་གྲོང་ཁྱེར་གྱིས་ཡུལ་དེ་གར་ད་ལོའི་ཕྱི་ཟླ་༥པའི་ཚེས་༡ཉིན་དངོས་སུ་དབུ་འབྱེད་བྱེད་རྒྱུ་གཏན་འཁེལ་བའི་༢༠༡༠འཛམ་གླིང་འགྲེམས་སྟོན་ཆེན་མོར་གྲ་སྒྲིག་བྱེད་ཀྱིན་པའི་དུས་འདིར། ཕི་རན་སིའི་རྒྱལ་ས་པེ་རེས་སི་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་དེ་རིང་འགྲེམས་སྟོན་ཆེན་མོ་དེ་དང་འབྲེལ་བའི་དྲ་ཐོག་གི་རང་དབང་ལྡུམ་ར་ཞེས་པ་ཞིག་སྒོ་འབྱེད་བྱས་ཡོད་འདུག

དེ་ཡང་རང་དབང་ལྡུམ་ར་ཞེས་པའི་དྲ་གནས་འདི་རྒྱ་ཡིག་དང༌། ཕི་རན་ཆའུ། དབྱིན་ཇི་སོགས་ཀྱི་ནང་བལྟ་ཀློག་ཐུབ་པ་མ་ཟད། དྲ་རྒྱ་བེད་སྤྱོད་པ་རྣམས་ཀྱིས་རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་དང༌། དྲ་རྒྱའི་བདག་དབང༌།  བོད་དང༌། དེ་བཞིན་བཙོན་མ་སོགས་ཀྱི་སྐོར་ལ་བསམ་ཚུལ་ལམ་བཙོན་གྲོལ་སྙན་ཐོ་སོགས་ལ་མཚན་རྟགས་འགོད་ཐུབ་འདུག རང་དབང་ལྡུམ་རའི་ནང་རྒྱ་གཞུང་གི་ལྐོག་མཚང་རྗེན་འབྱིན་ཐུབ་ཁར། ཧྲང་ཧའེ་ཡི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐོར་ཞིག་རྒྱ་ནག་ཉེན་རྟོག་པའི་དམ་དྲག་འོག་ཕྱི་རྒྱལ་གསར་འགོད་པ་དག་དང་མཇལ་འཕྲད་བྱེད་དུ་འཇུག་གིན་མེད་པའི་སྐོར་ཤེས་རྟོགས་ཐུབ་འདུག

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཕི་རན་སིའི་རྒྱལ་ས་པེ་རེིས་སིར་རྟེན་གཞི་བྱས་པའི་འཛམ་གླིང་འགྲེམས་སྟོན་ལས་ཁུངས་ཀྱི་འགན་འཛིན་ཇིན་ཕའར་ལ་ཡི་གེ་བསྐུར་ཏེ། ཁོང་གིས་རྒྱ་གཞུང་ལ་དྲ་རྒྱ་སྟངས་འཛིན་དམ་དྲག་མཚམས་འཇོག་དང་དེ་བཞིན་འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དག་གློད་བཀྲོལ་གྱི་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག་ཀྱང༌། ད་ལྟའི་ཆར་ཨ་ལན་ཅི་ཡང་སློག་ཡོད་མི་འདུག

ཉེ་བའི་ཆར་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་སྐུ་ཚབ་གཉིས་རྒྱ་ནག་ཧྲང་ཧའེ་ལ་གཟིགས་སྐོར་དུ་འགྲོ་རྩིས་བྱས་འདུག་ཀྱང༌། རྒྱལ་ས་པེ་རེས་སིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཐོངས་མཆན་སྤྲད་ཡོད་མི་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།