མི་རབས་གསུམ་པ་དེས་དཀའ་སྡུག་མྱངས་བ་ཚོར་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༢ཉིན། ཟླ་འདིའི་ཚེས་༡༠ཉིན་གྱི་ཞོགས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༼ཐེངས་དང་པོའི་ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་༽ཐོག་བཀའ་སློབ་དང་གསུང་བཤད་གནང་ཡོད་འདུག་པ་རེད།

སྐབས་དེར་ཡོ་རོབ་བོད་མིའི་གཞོན་ནུའི་ཚོགས་པའི་ཚོགས་གཙོ་བསྟན་སྒྲོན་ལགས་ཀྱིས་ངོ་སྤྲོད་དང་གསུང་བཤད་གནང་དོན། ༼སྤྱིར་ང་ཚོ་ནི་འཛམ་གླིང་གི་ས་ཁུལ་གཞན་ཞིག་ཏུ་འཚར་ལོངས་བྱུང་བ་ཞིག་རེད། འོན་ཀྱང་ང་ཚོ་བོད་མི་ཞིག་ཡིན་དུས་བོད་མི་རིགས་ཀྱི་འཐབ་རྩོད་ལ་ཞབས་འདེབས་བསྒྲུབ་དགོས་པ་ཞིག་རེད་ ༽ཅེས་དང༌།

ཡང་ཁོ་མོས་ང་རང་སྤྱི་ལོ་༢༠༠༢ལོར་བོད་ནང་དུ་ཐེངས་དང་པོ་འགྲོ་སྐབས། ལྷ་ས་རུ་བོད་མི་རྒན་ཁོག་ཞིག་ཐུག་བྱུང༌། ཁོང་གིས་ཁྱེད་རང་ག་པར་ནས་ཡོང་བ་ཡིན་ཞེས་དང༌། དེ་རྗེས་བཀའ་མོལ་གནང་སྐབས། བོད་མི་རྒན་ཁོག་དེས་བཙན་བྱོལ་དུ་ཡོད་པའི་བོད་མི་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ལ་རེ་ལྟོས་ཆེན་པོ་ཡོད་ ཅེས་གསུངས་བྱུང་ཞེས་འགྲེལ་བརྗོད་གནང་ཡོད་འདུག

ཡོ་རོབ་གཞོན་ནུའི་གྲོས་ཚོགས་དེའི་དགོས་དམིགས་ནི་ཡོ་རོབ་ཁུལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་དེ་དག་མཉམ་འབྲེལ་ཐོག དམིགས་བསལ་ཡོ་རོབ་ཁུལ་དུ་བོད་མིའི་གནད་དོན་ལ་གྲོས་སྡུར་དང་ལས་ཀ་བྱ་རྒྱུ་དེ་ཡིན་འདུག

ཡོ་རོབ་བོད་མིའི་གཞོན་སྐྱེས་ཀྱི་གྲོས་ཚོགས་ཚོགས་དུས་ཐེངས་དང་པོ་དེ་ཡོ་རོབ་ཁུལ་དུ་ཡོད་པའི་སུད་སི་རུ་ཚོགས་ཡོད་པ་དང༌། འདི་ལོ་ནི་བོད་མི་གཞོན་སྐྱེས་ཀྱི་ལྷན་ཚོགས་དེ་དབུ་བརྙེས་ནས་ལོ་ངོ་༤༠འཁོར་བའི་དུས་དྲན་ཞིག་ལའང་འཁེལ་གྱི་ཡོད་འདུག

ལྷན་ཚོགས་དེའི་ཐོག་༧གོང་ས་མཆོག་གིས། བོད་མི་རྒན་རབས་པ་དེ་ཚོ་ནི་རིམ་བཞིན་མེད་པ་ཆགས་འགྲོ་བཞིན་ཡོད་པ་རེད། བོད་མིའི་འཐབ་རྩོད་དེ་མུ་མཐུད་ནས་གནང་རྒྱུ་དེ་གཞོན་སྐྱེས་ཀྱི་མི་རབས་དེར་འགན་ཆགས་བསྡད་ཡོད་པ་རེད། ཕྱི་ལོ་༢༠༠༨ལོར་འཛམ་བུ་གླིང་གི་བོད་པའི་མི་རབས་གསུམ་པ་དེས་སྡུག་བསྔལ་མྱངས་བ་ཚོར་ཡོད་པ་རེད། ང་ཚོ་ནི་བོད་ནང་ལ་ཡོད་པའི་བོད་མི་དེ་ཚོའི་ངོ་ཚབ་ཆགས་བསྡད་ཡོད་དུས། ཁོང་ཚོའི་མ་འོངས་པའི་སྐོར་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཀའ་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།