བོད་མི་སྐྱབས་བཅོལ་བ་ལེན་པར་ཐུགས་རྗེ་ཆེ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༠ཉིན། ཁ་སང་རེས་གཟའ་པ་སང་ཉིན་སུད་སིའི་གྲོང་ཁྱེར་ཆེ་ཤོས་རྫུ་རི་ཆིའི་ནང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་༡༩༥༩ནས་བཟུང་ལོ་ངོ་༥༠རིང་སུད་སིའི་གཞུང་དང་མི་མང་ལྷག་པར་རྒྱ་གྲམ་དམར་པོ་བཅས་ཀྱིས་བོད་མི་མང་པོ་སྐྱབས་བཅོལ་དུ་ལེན་དང་ལེན་བཞིན་པར་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུས་ཡོད་འདུག

ཡང་གང་ཉིད་ཀྱིས་ང་ཚོས་ལོ་ངོ་བཅུ་ཕྲག་ཅིག་རིང་༼གྲུབ་འབྲས་༽ཟེར་བ་དེར་༼རེ་བ་༽རྒྱག་བསྡད་པ་རེད། གྲུབ་འབྲས་ཟེར་བ་དེ་བདུན་ཕྲག་རྗེས་མ་དང༌། ཟླ་བ་རྗེས་མ། དེ་བཞིན་ལོ་རྗེས་མར་ཡོང་རྒྱུའི་གནས་སྟངས་ཤིག་མིན་ཡང༌། ལོ་བཅུ་ཕྲག་གཅིག་གི་ནང་ཚུད་དུ་ཡོང་ངེས་ཤིག་རེད་ཅེས་བཀའ་གནང་ཡོད་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ཉིན་སུད་སིའི་གྲོང་ཁྱེར་རྫུ་རི་ཆི་ནས་ཉིན་ལྔ་རིང་གི་མཛད་འཕྲིན་བསྐྱང་འགོ་ཚུགས་པ་དང༌། སྐབས་དེར་སུད་སིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པཱ་སི་ཀལ་བྷུར་དྷར་ལགས་དང་མཇལ་འཕྲད་ཡང་གནང་ཡོད་པ་རེད།

ཐེངས་འདིར་༼དུས་ཚོད་བཀོད་སྒྲིག་༽གྱིས་རྐྱེན་པས་གང་ཉིད་སུད་སིའི་གཞུང་འབྲེལ་མི་སྣ་དང་མཇལ་འཕྲད་གང་ཡང་གནང་འཆར་མེད་ སྐོར། སུད་སིའི་ཕྱི་སྲིད་བློན་ཆེན་གྱིས་འགྲེལ་བརྗོད་གནང་ཡོད་འདུག

གསར་འགོད་པ་ཚོས་༧གོང་ས་མཆོག་ལ་ཐེངས་འདིར་སུད་སིའི་གཞུང་འབྲེལ་མི་སྣས་མཇལ་འཕྲད་མ་ཞུས་པའི་སྐོར་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་ངོས་ནི་ནང་ཆོས་ལྷན་ཚོགས་ཐོག་ཏུ་ཡོང་བ་ཞིག་ཡིན་པས་༼ཅིའི་ཕྱིར་ངོས་རང་བློ་ཕམ་བྱེད་དགོས་ཀྱི་ཡོད་པ་རེད།༽ཅེས་འགྲེལ་བརྗོད་དང་ལྷན་དུ་བཀའ་འདྲི་དེ་ལྟར་གནང་ཡོད་འདུག

ཐོག་མར་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་འབྱོར་རྗེས་ཁྱོན་བོད་མི་༡༠༠༠ཐམ་པ་སུད་སིའི་གཞུང་གིས་སྐྱབས་བཅོལ་དུ་བླངས་ཡོད་པ་དང༌།  ད་ལྟའི་ཆར་ཁྱོན་བོད་མི་༤༠༠༠ལས་བརྒལ་བ་སུད་སི་རུ་གནས་སྡོད་བྱེད་བཞིན་ཡོད་པ་རེད།

ཐེངས་འདི་ནི་༧གོང་ས་མཆོག་སུད་སི་རུ་ཆིབས་བསྒྱུར་བསྐྱངས་པ་ཐེངས་༡༣པ་དེ་ཆགས་ཀྱི་ཡོད་པ་དང༌། དེ་བཞིན་སུད་སིའི་གྲོང་ཁྱེར་རྫུ་རི་ཆིའི་ཉེ་འགྲམ་དུ་ཡོད་པའི་བོད་པའི་དགོན་པ་རི་ཀོན་ཆོས་འཁོར་གླིང་དུ་ཡང་འཆར་ཅན་ལྟར་ཆིབས་བསྒྱུར་སྐྱོང་བཞིན་ཡོད་པ་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།