ྋགོང་ས་མཆོག་གིས་སུད་སིའི་ནང་ཆིབས་བསྒྱུར་དང་མཛད་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༩ཉིན། ཟླ་འདིའི་ཚེས་༧ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་དཀྱིལ་མའི་སི་ལོ་ནའེ་ཡ་རྒྱལ་ཁབ་ཀྱི་གྲོང་ཁྱེར་མ་རི་བྷོར་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་སུད་སིར་ཆིབས་ཞལ་བསྒྱུར་གནང་ཡོད་འདུག

དེ་ཡང་ཚེས་༧ཉིན་མགོན་པོ་གང་ཉིད་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིཀ་གནམ་ཐང་དུ་ྋཞབས་སོར་བཀའ་དྲིན་ཆེ་བ་འཁོད་སྐབས་ས་གནས་རྒྱ་གར་གཞུང་ཚབ་པ་སྐུ་ཞབས་ཨ་ཇཱ་ནི་ཤ་ཀུ་མཱར་ལགས་དང་སུད་སིའི་རེ་ཀོན་དགོན་པའི་མཁན་རིན་པོ་ཆེ་མཆོག དེ་བཞིན་སུད་སིའི་བོད་གཞུང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱི་གཙོས་བོད་མི་རྣམས་དང་དེ་བཞིན་འབྲེལ་ཡོད་མི་སྣ་ཚོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་ཧ་ཡེ་ཊི་ཕར་ཁིར་ཞབས་སོར་འཁོད་སྐབས་ས་གནས་བོད་མི་ཚོས་བཞུགས་གནས་མགྲོན་ཁང་གི་མདུན་དུ་བཀྲ་གཤིས་ཞོལ་པ་འཁྲབ་སྟོན་གྱིས་གཟིགས་འབུལ་ཐོག་མགོན་པོ་གང་ཉིད་མཆོག་ལ་དད་གུས་སྤྲོ་གསུམ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

ཕྱི་ཚེས་ ༨ ཉིན་མགོན་པོ་གང་ཉིད་མཆོག་རེ་ཀོན་དགོན་པར་ཆིབས་སྒྱུར་བསྐྱངས་ཏེ་སུད་སི་དང་རྒྱ་གར། དེ་བཞིན་བལ་ཡུལ་བཅས་ཀྱི་གཞུང་མང་གཉིས་ནས་མི་ལོ་༥༠རིང་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་མཐུན་འགྱུར་གནང་བར་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ལྷན་ཞུགས་མཛད་ཡོད།

ཕྱི་ཚེས་༩ནས་༡༡བར་ས་གནས་དེར་སེམས་དང་སྲོག་ཅེས་པའི་ཚན་རིག་དང་ནང་ཆོས་ཀྱི་བགྲོ་གླེང་ཚོགས་འདུར་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག དེ་བཞིན་དཔལ་འབྱོར་ལམ་ལུགས་ནང་གཞན་ཕན་དང་བྱམས་བརྩེའི་ཉམས་ལེན།ཞེས་པའི་བརྗོད་གཞིའི་ལྷན་ཚོགས་དེར་དཔལ་འབྱོར་དང་ཚོང་ལས་སྡེ་ཚན་གྱི་ཚོགས་མི་དང༌། སེམས་ཁམས་རིག་པའི་ལྟ་གྲུབ་་བ། སྒོམ་སྒྲུབ་ཉམས་ལེན་པ། ཕྱོགས་མཚུངས་མི་རིགས་དཔྱད་ཞིབ་པའི་མཁས་དབང༌། ཀླད་ཁམས་ཚན་རིག་པ་བཅས་ལྷན་འཛོམས་གནང་རྒྱུ་ཡིན་འདུག

ཕྱི་ཚེས་༡༠སྔ་དྲོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོར་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག ཚོགས་འདུར་མཉམ་ཞུགས་གནང་མཁན་རྒྱལ་ཁབ་ ༡༡ ནས་འཐུས་མི་གྲངས་ ༡༥༠ ཙམ་འདུ་འཛོམས་གནང་རྒྱུ་ཡིན་པ་རེད། དེ་ཉིན་གྱི་ཉིན་རྒྱབ་སུད་བོད་མཛའ་འབྲེལ་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་མི་མང་འདུ་འཛོམས་ཀྱི་མཛད་སྒོར་མགོན་པོ་གང་ཉིད་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༡ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་ཁྱབ་འགན་ཁུར་དང་དཔལ་འབྱོར། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་འཆར་ཡོད་པ་དེར་མི་མང་གྲངས་༧༥༠༠ཙམ་འདུ་འཛོམས་གནང་རྒྱུ་ཡིན་འདུག

དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་སུད་སི་དང་ལེཀ་ཊེན་སི་སྤྲ་ཡན་ནང་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་དང་གསུང་བཤད་གནང་རྒྱུ་ཡིན་འདུག

གཞན་ཡང་ཕྱི་ཟླ་༤ཚེས་༡༢ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག་པ་བཅས།།
བཙན་བྱོལ་བོད་གཞུང་དྲ་ཚིགས་ནས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།