མ་བོས་མགྲོན་པོ་ཞིག་སླེབས་པས་རྐྱེན་གྱིས་རེད།

 པར་འདེབས།

ཤམ་བྷ་ལའི་ཕོ་ན། ཕྱི་ལོ་༢༠༡༠ཟླ་༤ཚེས་༧ཉིན། ཟླ་འདི་ཚེས་༦ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སཱ་ལོ་ཝི་ནིང་ཡའི་གྲོང་ཁྱེར་མཱ་རི་བྷོར་ནང་བོད་ཀྱི་གནད་དོན་དང༌། མི་ཚེ། ཞི་བདེ་སོགས་ཀྱི་སྐོར་བཀའ་སློབ་དང་གསུང་བཤད་གནང་ཡོད་འདུག

གང་ཉིད་ཀྱི་བཀའ་སློབ་དང་གསུང་བཤད་གསན་མཁན་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཀྱང་མི་གང་མང་ཕེབས་ཡོད་པ་བཅས་ཁྱོན་མི་གྲངས་༦༠༠༠ཙམ་འདུ་འཛོམས་ཐོག ཕན་ཚུན་དྲི་བ་དྲིས་ལན་ཡང་གནང་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས་༼ཕྱི་ལོ་༡༩༥༩ཟླ་༤པའི་ནང་ངོས་བོད་ནས་རྒྱ་གར་དུ་ཡོང་དགོས་པའི་རྒྱུ་མཚན་ནི་ནང་འཁྲུག་དང་སྡེ་གཟར་གང་ཡང་མ་ཡིན་པར། དེ་ནི་མགྲོན་འབོད་མ་བྱས་པའི་མགྲོན་པོ་གསར་པ་ཞིག་བོད་ནང་དུ་སླེབས་ནས་དེས་ཡོད་ཚད་དབང་བཟུང་བྱས་པ་རྐྱེན་གྱིས་རེད་༽འོན་ཀྱང་ད་ལྟ་ང་ཚོས་རྒྱ་ནག་ལས་ཁ་བྲལ་དགོས་ཟེར་གྱིན་མེད་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྡོད་ཀྱི་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་རེད་ཅེས་དང༌།

ཡང་༼མི་ཚེའི་དགོས་འདུན་༽ག་རེ་ཡིན་མིན་སྐོར་གྱི་དྲི་བའི་ལན་དུ་གང་ཉིད་ཀྱིས་མི་ཚེའི་དགོས་འདུག་ནི་༼བདེ་སྐྱིད་ཀྱི་འཚོ་བ་༽རེད། མ་འོངས་པ་ཟེར་བ་དེར་ངེས་གཏན་ཞིག་མེད་ཀྱང་མི་ཚོ་རེ་བ་དང་ལྷན་དུ་གནས་ཀྱི་ཡོད་པ་རེད། རེ་བ་ཟེར་བ་དེ་གང་ཞིག་བཟང་པོར་འགྱུར་རྒྱུ་དེ་རེད། མི་ཚེའི་དགོས་འདུན་གཙོ་བོ་ནི་མི་ཚེའི་བདེ་སྐྱིད་ཟེར་བ་དེ་རེད་ཅེས་བཀའ་གནང་ཡོད་འདུག

ཕྱི་ཉིན་ཞོགས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སཱ་ལོ་ཝི་ནིང་ཡའི་གྲོང་ཁྱེར་མཱ་རི་བྷོར་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཧྥ་རན་ཁི་རྣམ་གཉིས་མཇལ་འཕྲད་དང༌། དེ་རྗེས་གྲོང་ཁྱེར་གྱི་སྤྱི་གླིང་ནང་མི་མང་འདུ་འཛོམས་ཁྲོད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་མཚོན་ཆེད་ལྕང་སྡོང་འདེབས་འཛུགས་གནང་ཡོད་པ་མ་ཟད། མི་མང་ཚོར་དྲག་སྤྱོད་དང་། ཁྲག་སྦྱོར། དམག་འཁྲུག་སོགས་ཀྱི་དུས་སྐབས་དེ་ཡོལ་ཚར་བ་རེད་ཅེས་དང་།

དུས་རབས་༢༠པ་ནི་མི་གསོད་ཁྲག་སྦྱོར་གྱི་དུས་སྐབས་ཤིག་ཡིན་ཡང༌། དུས་རབས་༢༡པ་དེ་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས་ཅེས་བཀའ་སློབ་གནང་གྲུབ་མ་ཐག ལས་སེང་གྲོིང་ཁྱེར་ མཱ་རི་བྷོར་ནང་གི་༼ཨང་དང་པོའི་སློབ་རིམ་སློབ་གྲྭ་༽ཞིག་གི་སློབ་མ་གྲངས་༡༠༠༠ཙམ་ལ་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་དང༌། དེ་རྗེས་གང་ཉིད་ཀྱིས་གལ་ཆེན་གྱི་ཆབ་སྲིད་མི་སྣ་སྐུ་ཞབས་ཇི་ནིང་ཛི་དང་མཇལ་འཕྲད་གནང་ཡོད་འདུག སྐུ་ཞབས་ཇི་ནིང་ཛི་ནི་སྔོན་མ་སཱ་ལོ་ཝི་ནིང་ཡའི་སྲིད་བློན་ཟུར་པ་དང༌། སཱ་ལོ་ཝི་ནིང་ཡའི་མང་གཙོ་ཚོགས་པའི་ཚོགས་གཙོ་ཡང་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།