ཉི་ཧོང་གི་རྒྱལ་ས་ཊོ་ཁུ་ཡའོར་བོད་དོན་གླེང་སློང༌།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༦ཉིན། ཉི་ཧོང་ནང་གཟིགས་སྐོར་དུ་ཕེབས་བཞིན་པའི་བཀའ་བློན་ལས་ཐོག་གམ་ལྡི་ལི་སྐུ་ཚབ་དོན་གཅོད་པ་བསྟན་པ་ཚེ་རིང་ལགས་ཀྱིས་ཡུལ་དེའི་རྒྱལ་ས་ཊོ་ཁུ་ཡའོར་རྟེན་གཞི་བྱས་པའི་ཡའོ་སིའུ་ཡ་མི་མང་ཚོགས་ཁང་ནང༌། ཉི་ཧོང་གི་སློབ་ཕྲུག་བརྒྱ་ཕྲག་དུ་མར་བོད་དོན་ངོ་སྤྲོད་གནང་ཡོད་འདུག་ལ། ཡུལ་དེའི་ཝ་སིའུ་ཌ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཨིའུ་ཞིས་ཧ་མ་ལགས་ཀྱིས་ཉི་ཧོང་གི་ཤེས་ལྡན་མི་སྣ་དག་གིས་བོད་ཀྱི་ལོ་རྒྱུས་ཐད་བཟུང་བའི་ལྟ་སྣང་མཐོང་ཚུལ་རྣམས་བརྗེ་རེས་བྱས་ཡོད་འདུག

དེ་ཡང་སློབ་དཔོན་ཆེན་མོ་ཨིའུ་ཞིས་ཧ་མ་ལགས་ཀྱིས་བོད་ནི་སྔོན་དུས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ལུགས་དང༌། བོད་ཀྱི་ནང་བའི་མཁས་བཙུན་རྣམས་ཀྱིས་མན་ཇི་དང༌། རྒྱ་ནག དེ་བཞིན་སོག་པོའི་བཙན་པོ་རྣམས་ལ་དབང་ལུང་བསྩལ་མྱོང་ཚུལ་སོགས་དུས་རབས་༡༧པའི་ནང་ཡི་ཤུའི་ཡུལ་སྐོར་བ་སྐོར་ཞིག་བོད་དུ་བསྐྱོད་དུས་ཟིན་འགོད་བྱས་པའི་ཡིག་ཆ་ཁག་ལ་ཁུངས་གཏུགས་བྱས་ཡོད་འདུག ཁོ་མོས་བརྗོད་དོན། བོད་ནི་ཕྱོགས་གང་ཐད་ནས་བལྟས་ཀྱང་མཚན་ཉིད་ཚང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་རེད་མོད། བོད་ཀྱིས་འཛམ་གླིང་ཕྱོ་ལོག་ཏུ་འབྲེལ་བ་ནན་པོ་མ་གནང་བ་ནི་སྐྱོན་ཆ་ཞིག་རེད། ཅེས་བརྗོད་ཡོད་འདུག

བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་དང༌། ཁྱད་པར་དུ་ཕྱི་ལོ་༡༩༥༠ལོར་རྒྱ་ནག་གིས་བོད་ལ་ཇི་ལྟར་བཙན་འཛུལ་བྱས་ཏེ་བོད་ཀྱི་ཆོས་རིག་ལ་གཏོར་བཅོམ་བཏང་ཚུལ། བོད་མི་སྐྱབས་བཅོལ་བ་ཐོག་མ་བལ་ཡུལ་དང་རྒྱ་གར་དུ་འབྱོར་དུས་དཀའ་སྡུག་ཇི་འདྲ་མྱངས་ཚུལ། གཞན་ཡང་ད་ལྟའི་བཙན་བྱོལ་བོད་ཀྱི་གནས་སྟངས་སོགས་འགྲེལ་བརྗོད་ཞིབ་མོ་གནང་ཡོད་འདུག

བོད་ནང་གི་ཛ་དྲག་པོའི་གནས་བབས་སྐོར་ལ་བསྟན་པ་ཚེ་རིང་ལགས་ཀྱིས། རྒྱ་གཞུང་གིས་བོད་ནང་དུ་མེ་འཁོར་ལྕགས་ལམ་དང༌། གཞུང་ལམ། གནང་ཐང་གསར་འཛུགས་སོགས་ཀྱི་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་གྱིན་ཡོད་པ་ནི་དོན་དངོས་ཐོག་རྒྱ་རིགས་ཡུལ་སྤོ་བ་འབོར་ཆེན་བོད་ནང་དུ་དབོར་ཆེད་ཀྱི་དགོས་དམིགས་སྐོང་སླད་རེད། ཅེས་བརྗོད་ཡོད་འདུག

སློབ་དཔོན་ཆེན་མོ་ཨིའུ་ཞིས་ཧ་མ་ལགས་ཀྱིས་ྋགོང་ས་མཆོག་གི་ཡང་སྲིད་འཚོལ་ཕྱོགས་སྐོར་ལ། ཡང་སྲིད་འཁྲུངས་དོན་ནི་སྐུ་ཕྲེང་གོང་མས་མཇུག་སྐྱོང་གནང་མ་ཐུབ་པའི་ཕྱག་ལས་མུ་མཐུད་དེ་སྐྱོང་ཆེད་རེད། དེ་བས་རྒྱལ་དབང་སྐུ་ཕྲེང་༡༥པ་རང་དབང་ལུང་པའི་ནང་འཁྲུངས་ཏེ་བོད་དོན་ཐད་མཛན་འཕྲིན་སྐྱོང་ངེས་པ་རེད། ཞེས་བརྗོད་ཡོད་འདུག

ཉི་ཧོང་མི་མང་དང་ཚོང་ལས་པ་རྣམས་ཀྱིས་བོད་དོན་ཐད་ཇི་ལྟར་རོགས་སྐྱོར་བྱེད་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་བསྟན་པ་ཚེ་རིང་ལགས་ཀྱིས། བོད་ཀྱི་ལོ་རྒྱུས་ལ་སློབ་གཉེར་བྱས་ཏེ་དྲང་བདེན་དང་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས། བོད་ཀྱི་ཚོང་དོན་སྡེ་ཚན་ཁག་དང་ལྷན་དུ་བོད་དང་ཉི་ཧོང་གཉིས་ཕན་གྱི་ཚོང་དོན་མཉམ་རོགས་དང་ལས་ཀ་འཚོལ་སྒྲུབ་ཀྱི་གོ་སྐབས་བསྐྲུན་དགོས། ཞེས་དྲིན་ལན་ལྡོན་ཡོད་འདུག

ཉི་ཧོང་གི་སློབ་ཕྲུག་རྣམས་ཀྱིས་བཙན་བྱོལ་བོད་གཞུང་གི་དཔོན་རིགས་མཐོ་གྲས་ཤིག་གི་ཞལ་ངོ་ནས་བོད་དོན་སྐོར་ཤེས་རྟོགས་ཟབ་མོ་བྱུང་བར་ཡིད་ཚིམ་བློ་དགའ་བྱུང་ཚུལ་དང༌། བོད་དོན་དང༌། དྲང་བདེན། དེ་བཞིན་རང་དབང་གི་འཐབ་རྩོད་ལ་རྒྱབ་ལངས་བརྟན་པོ་བྱེད་འདོད་ཀྱི་འདུན་པ་ཡོད་ལུགས་བརྗོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།