ྋགོང་ས་མཆོག་སི་ལའོ་ཝེ་ནའེ་ཡའི་ནང་མཛད་འཕྲིན།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༦ཉིན། ཟླ་འདིའི་ཚེས་༥ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་ཡོ་རོབ་དཀྱིལ་མའི་སི་ལའོ་ཝེ་ནའེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མའེ་རེས་བྷོར་གྲོང་ཁྱེར་ནང་ཕེབས་འབྱོར་གནང་འདུག་ལ། སྐབས་དེར་ཡུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་དཔོན་ཕི་རན་ཁའུ་ཀང་གྷི་ལིར་དང༌། སི་ལའོ་ཝེ་ནའེ་ཡའི་ཡོ་རོབ་གྲོས་ཚོགས་འཐུས་མི་ཨུས་ཝོ་ཝའེ་གྷིལ་གཉིས་ཀྱིས་གཙོས་པའི་དཔོན་རིགས་ཁག་༢༠༠ལྷག་གིས་ྋགོང་ས་མཆོག་ལ་ཕེབས་བསུ་ཞུས་ཡོད་འདུག

དེ་ཡང་སི་ལའོ་ཝེ་ནའེ་ཡའི་མའེ་རེས་གྷོར་གཙུག་ལག་སློབ་གྲྭ་ཆེན་མོ་དང༌། མའེ་རེས་གྷོར་གྲོང་ཁྱེར་སྲིད་གཞུང༌། དེ་བཞིན་ཡུལ་དེར་རྟེན་གཞི་བྱས་པའི་ཕི་ར་ཝ་སློབ་འབྲིང་བཅས་ཀྱིས་ཇི་ལྟར་གདན་འབོད་ཞུས་པ་ལྟར། ྋགོང་ས་མཆོག་གིས་སི་ལའོ་ཝེ་ནའེ་ཡའི་ན་གཞོན་༥༠༠༠ལྷག་ལ་འཇིག་རྟེན་མི་ཆོས་ཐད་ཀྱི་བཀའ་སློབ་ལམ་སྟོན་གནང་རྒྱུ་སོགས་ཉིན་གྲངས་གསུམ་རིང་གི་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་འགོ་ཚུགས་ཡོད་འདུག

ཐེངས་འདིའི་ཆིབས་འཕྲིན་ཁྲོད་ྋགོང་ས་མཆོག་སི་ལའོ་ཝེ་ནའེ་ཡའི་རྒྱལ་ས་ལི་བྷི་ལ་ན་གྲོང་ཁྱེར་ནང་ཞབས་སོར་འཁོད་དེ་རྒྱལ་ཁབ་དེ་གའི་དཔོན་རིགས་མཐོ་གྲས་ཁག་དང་མཇལ་འཆར་མི་འདུག་མོད། སི་ལའོ་ཝེ་ནའེ་ཡའི་མང་གཙོ་སྲིད་དོན་ཚོགས་པ་དང༌། སྲིད་བློན་ཟུར་བ་ཇའེ་ནའེ་ཛི་ཇའན་སའ། དེ་མིན་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་རེད་འདུག

སི་ལའོ་ཝེ་ནའེ་ཡར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཐེངས་འདིའི་ྋགོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཚབས་ཆེན་གཏོང་རབ་ཀྱི་ཉེན་བརྡའང་བཏང་ཡོད་འདུག འོན་ཏེ་སི་ལའོ་ཝེ་ནའེ་ཡའི་སྲིད་བློན་བྷོ་རུའུ་ཌི་ཕ་ཧོར་ལགས་ཀྱིས་མདུན་ཕྲག་སྔོན་མའི་ནང༌། རྒྱལ་ཁབ་འདིའི་དཔོན་རིགས་དག་གིས་ྋགོང་ས་མཆོག་ལ་དོ་ཁུར་འདང་ངེས་པ་སྤྲོད་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

རྒྱ་ནག་གིས་བོད་ས་ཧམ་བཟུང་བྱས་ཏེ་མི་ལོ་༥༡ལྷག་འགྲོ་བཞིན་མཆིས་ལ། རྒྱ་གཞུང་གི་ཡ་ང་སྡུག་རྩུབ་ལྡན་པའི་བཙན་གནོན་དབང་བསྒྱུར་འོག་བོད་མི་ས་ཡ་༡.༢ལྷག་རྐྱེན་ལམ་དུ་ཕྱིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།