བོད་དོན་ནི་ཀུན་ཁྱབ་ཀྱི་གནད་དོན་ཞིག་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢ཉིན། ཉི་ཧོང་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཁང་གི་གདན་འབོད་བཀོད་སྒྲིག་འོག བཀའ་བློན་ལས་ཐོག་གམ་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་དང་བཀའ་ཟུར་རྗེ་བཙུན་པདྨ་རྣམ་གཉིས་ཀྱིས་ཉི་ཧོང་ནང་བདུན་ཕྲག་གཉིས་རིང་གི་གཟིགས་སྐོར་གནང་འགོ་ཚུགས་ཡོད་འདུག

དེ་རིང་ཞོགས་པར་ཉི་ཧོང་གི་རྒྱལ་ས་ཊོ་ཁུ་ཡའོར་རྟེན་གནས་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་བྱས་འདུག་ལ། གསར་འགོད་ལྷན་ཚོགས་ཐོག་བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་བོད་དོན་ནི་དྲང་བདེན་དང༌། རང་དབང༌། འཚེ་མེད་ཞི་བ། དེ་བཞིན་ཞི་བདེའི་འཐབ་རྩོད་ཅིག་ཡིན་ཕྱིར། དེ་ནི་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་སྤྲོད་པའི་ཀུན་ཁྱབ་ཀྱི་གནད་དོན་ཞིག་ཡིན་ལུགས་ཀྱི་གསུང་བཤད་གནང་ཡོད་འདུག

བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་བོད་རྒྱ་གཉིས་དབར་ལྷག་པའི་ལངས་ཕྱོགས་དང་ལྟ་ཚུལ་མ་འདྲ་བ་དག་འདི་ལྟར་དབྱེན་འབྱེད་བྱས་ཡོད་དོན། རྒྱ་གཞུང་ཕྱོགས་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པའི་བཀོས་བཀོད་རྒྱུད་འཛིན་དང་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་ཟེར་གྱིན་ཡོད་པ་མ་ཟད། དེ་ལྟ་བུའི་སྤྱི་ཚོགས་དེ་རྒྱ་གཞུང་གིས་བཅིངས་འགྲོལ་བྱས་ནས་སྤྱི་ཚོགས་རིང་ལུགས་ལྷ་ཡུལ་དུ་བསྒྱུར་ཡོད་རབ་བསྒྲགས་ཀྱིན་ཡོད་པ་རེད་ལ། བོད་མི་རྣམས་ཀྱིས་བོད་ནི་ལོ་རྒྱུས་དང་སྲིད་ཁྲིམས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ལུགས་རྒྱུན་སྐྱོང་མཐར་སྐྱེལ་བྱེད་བཞིན་ཡོད་པ་རེད། འོན་ཏེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ནི་འདས་པའི་ལོ་རྒྱུས་བསྐྱུར་ཏེ་གལ་འགངས་ཆེ་བའི་བོད་རྒྱའི་མ་འོངས་ལས་དོན་ཐད་གྲོས་མོལ་ཡོང་རྒྱུ་དེ་རེད། དེ་ཡང་ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལས་རང་བཙན་དང་ཁ་བྲལ་རྩོད་ལེན་བྱེད་ཀྱིན་མེད། ཅེས་འགྲེལ་བརྗོད་གནང་ཡོད་འདུག

བསྟན་པ་ཚེ་རིང་ལགས་ཀྱིས་མུ་མཐུད་དུ་བོད་ནང་གི་ཛ་དྲག་པའི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་དོན། ད་ལྟའི་ཆར་ཡང་བོད་མི་རྣམས་ཀྱིས་སྲོག་ཉེན་ལ་མ་འཛེམས་པར་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་བྲོས་བྱོལ་དུ་ཡོང་བཞིན་ཡོད་པ་རེད། འདིས་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལྷ་ཡུལ་ལས་འཆི་ན་དགའ་བ་གསལ་སྟོན་བྱས་ཡོད། ཅེས་གསུངས་ཡོད་འདུག

ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་ཕྱི་རྒྱལ་དང་ཉི་ཧོང་གི་གསར་འགོད་པ་༢༥ལྷག་བཅར་འདུག་ལ། བསྟན་པ་ཚེ་རིང་ལགས་ཀྱིས་ཁོང་ཚོར་བོད་རྒྱ་འབྲེལ་མོལ་དེ་རྒྱ་ནག་གི་སྲིད་འཛིན་འདས་པོ་ཏིན་ཞའོ་ཕེན་གྱི་༼རང་བཙན་མ་གཏོགས། གཞན་ཚང་མ་གྲོས་མོལ་བྱ་ཆོག་གི་རེད༽ཅེས་པའི་དྲན་སྐུལ་ལ་གཞིར་བཞག་བྱས་ཡོད་ལུགས་དང༌། བོད་རྒྱ་འབྲེལ་མོལ་ཐེངས་༨པའི་ཐོག་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་དང༌། ཐེངས་༩པའི་ཐོག་བསམ་འཆར་ཡིག་ཆ་དེ་དང་འབྲེལ་བའི་འགྲེལ་བརྗོད་ཡིག་ཆ་ཞིག་སྤྲད་ཡོད་ལུགས། དེ་བཞིན་བཙན་བྱོལ་བོད་གཞུང་ཕྱོགས་ནས་རྒྱ་གཞུང་དང་ལྷན་དུ་མུ་མཐུད་དེ་འབྲེལ་མོལ་གནང་བར་ཆོད་སེམས་དང་འདུན་པ་ཡོད་ལུགས་སོགས་གསལ་བཤད་གནང་ཡོད་འདུག

ྋགོང་ས་མཆོག་སྐུ་གཤེགས་རྗེས་བོད་དོན་འཐབ་རྩོད་གང་འདྲ་ཆགས་མིན་ཐད་ཀྱི་གསར་འགོད་པའི་དྲི་བར་བསྟན་པ་ཚེ་རིང་ལགས་ཀྱིས། བོད་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ལ་ལོ་ངོ་གསུམ་བརྒྱ་ཙམ་གྱི་ལོ་རྒྱུས་ལས་མེད། དེ་བས་ྋཏཱ་ལའི་བླ་མ་བཞུགས་ཀྱང་རུང་མ་བཞུགས་ཀྱང་རུང༌། བོད་དོན་འཐབ་རྩོད་མུ་མཐུད་དུ་གསོན་གནས་བྱེད་ངེས་ཡིན། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ན་གཞོན་རྣམས་ཀྱིས་སྤེལ་གྱིན་པའི་ལས་འགུལ་དང་ལས་སྒྲུབ་དག་ནི་བོད་དོན་འཐབ་རྩོད་མུ་མཐུད་གསོན་གནས་ཐུབ་ངེས་ཡིན་པའི་བདེན་དཔང་ཡིན། ཞེས་ལན་ལྡོན་གནང་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།