རྒྱ་ནག་ཕྱི་གསལ་ནང་གསལ་ཆཌ་འོས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༢༠ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་རིང་ལྡི་ལི་གསར་བའི་བརྙན་འཕྲིན་གསར་ཁང་༼NDTV༽ཞེས་པའི་བཅར་འདྲི་ཞལ་བཞེས་ཀྱིས། རྒྱ་གར་ནག་གཉིས་ཀྱི་དཔོན་རིགས་ཚོས་གཅིག་གིས་གཅིག་ལ་ཡིད་བརྟན་འཕེར་ཚེ་དེས་རྒྱ་ཁབ་གཉིས་ཀྱི་དཀའ་རྙོག་སེལ་བར་ཕན་ངེས། འོན་ཏེ་ཡིད་བརྟན་དེ་བསྐྲུན་པར་རྒྱ་ནག་ཕྱི་གསལ་ནང་གསལ་ཆགས་འོས། ཞེས་གསུངས་ཡོད་འདུག

མགོན་པོ་གང་ཉིད་ཀྱིས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བའི་ཨ་ཞོག་ཀ་གསོལ་མགྲོན་ཁང་དུ་ཉིན་གྲངས་གསུམ་རིང་དད་ལྡན་ཆོས་ཞུ་བ་མང་ཚོགས་ལ་རྒྱལས་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་དབུ་འཛུགས་གནང་འགོ་ཚུགས་ཡོད་འདུག་ལ། དེ་བཞིན་དུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་དང༌། གསར་འགོད་པར་མཇལ་འཕྲད་ཀྱི་མཛད་འཕྲིན་ཡང་སྐྱོང་བཞིན་ཡོད་འདུག

དེ་ཡང་ྋགོང་ས་མཆོག་གིས་ལྡི་ལི་གསར་བའི་བརྙན་འཕྲིན་གསར་ཁང་གི་གསར་འགོད་པར། བོད་དོན་བདེན་མཐའ་སེལ་བའི་སྔོན་འགྲོ་ཆ་རྐྱེན་དུ་རྒྱ་གར་ནག་གཉིས་ཀྱི་འབྲེལ་བ་བླ་ལྷག་ངང་ཡར་རྒྱས་འགྲོ་དགོས། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་རེད་ལ།རྒྱ་ནག་ནི་སྔར་བཞིན་ལྐོག་ལྐོག་སུད་སུད་དང་སྔོན་དཔག་དཀའ་བའི་གནས་སུ་ལྷག་ཡོད་རྐྱེན། དེས་རང་བཞིན་གྱིས་དོགས་སྣང་ཞིག་བཟོ་བ་རེད། ཅེས་བཀའ་ཕེབས་ཡོད་འདུག

རྒྱ་གར་གྱིས་བོད་རྒྱའི་དབར་གྱི་མི་མཐུན་པའི་ལྟ་སྣང་མཐོང་ཚུལ་ཐད་ལས་དོན་ག་རེ་སྒྲུབ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པརྋགོང་ས་མཆོག་གིས། དེ་རྙོག་དྲ་ཞེ་དྲག་ཆེན་པོ་རེད་མོད། ཐོག་མར་རྒྱ་གར་ནག་གཉིས་ཀྱི་འབྲེལ་བ་ངེས་པར་དུ་ཡར་རྒྱས་འགྲོ་དགོས་པར་བསམ། འབྲེལ་བ་དེ་ཡང་ཕྱི་འབྲེལ་ཐད་ཀྱི་བཅོས་འཛུམ་ཞིག་མ་ཡིན་པར་ཡིད་བརྟན་རྨང་དུ་བརྟིང་བའི་མཛའ་མཐུན་གྱི་འབྲེལ་བ་ཞིག་ཡིན་འོས། ཞེས་དང༌། ངོས་བསམ་ཚེ་སྔ་ཕྱི་མ་གཏོགས་ང་ཚོས་རྒྱ་གར་ནག་གཉིས་སྤུན་མཆེད་ཡིན་ཞེས་པའི་འབྲེལ་བ་དངོས་མ་དེ་བསྐྲུན་ཐུབ། གང་ཡིན་ཞེ་ན། བོད་དེ་རྒྱ་གར་ནག་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་པས་རེད། ཅེས་བཀའ་ལན་གསུངས་ཡོད་འདུག

༸གོང་ས་མཆོག་གིས་མུ་མཐུད་དུ། ས་མཚམས་ཐད་ཀྱི་གནད་དོན་སྐོར་ཞིག་གཙང་སེལ་བྱུང་མེད་པའི་དུས་འདིར། ངོས་ཀྱི་རྒྱ་གར་གྲོགས་པོ་ཚོས། ཁྱད་པར་དུའང་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པ་དག་གིས་རྒྱ་གཞུང་གིས་བོད་ནང་དུ་མེ་འཁོར་ལྕམ་ལམ་དང༌། སྐྱེལ་འདྲེན་ལམ་ཁ་གསར་བཟོ། དེ་བཞིན་དུ་དམག་སྒར་འདེབས་པ་སོགས་བྱེད་ཀྱིན་ཡོད་སྟབས་རང་བཞིན་གྱི་དོགས་སྐྲག་ཅིག་སྐྱེས་ཀྱིན་འདུག་ཟེར།  ཞེས་གསུངས་ཡོད་འདུག

བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དང་བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་ཐད་ལ་མགོན་པོ་གང་ཉིད་ཀྱིས། བོད་རྒྱའི་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་ཉག་གཅིག་ནི་གྲོས་མོལ་རེད་ལ།རྒྱ་གཞུང་གིས་ད་ལྟར་བོད་ཐོག་འཛིན་པའི་སྲིད་བྱུས་ནི་དངོས་ཡོད་དང་རྒྱབ་འགལ་ཆགས་ཡོད་པ་རེད། ང་ཚོས་རྒྱ་མི་རིགས་ལ་རྒོལ་གྱིན་མེད་པར་དངོས་དོན་དང་མི་མཐུན་པའི་རྒྱ་ནག་གི་སྲིད་བྱུས་ལ་རྒོལ་གྱིན་ཡོད། ད་ལྟའི་ཆར་རྒྱ་རིགས་རྩོམ་པ་པོ་དང་ཤེས་ལྡན་མི་ས་གང་མང་ཞིག་གི་བོད་དོན་ཐད་གོ་རྟོགས་གོང་འཕེར་ཕྱིན་ཏེ་བོད་དོན་ལ་དོ་ཁུར་དང་རྒྱ་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཡོད་པ་རེད། ཅེས་བཀའ་བསྩལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༢ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་གནང་འཆར་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།