རྒྱལ་ཁབ་༡༦ལྷག་གི་སློབ་མས་བོད་མིར་གདུང་སེམས་མཉམ་བསྐྱེད་གནང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༡ཉིན། རྒྱ་གར་གྱི་མ་ཧ་ར་ཞི་ཌི་ར་མངའ་སྡེའི་ཕོན་གྲོང་ཁྱེར་ནང་བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱལ་ཁབ་༡༦ལྷག་གི་སློབ་མ་རྣམས་བསྡུས་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༡སྲུང་བརྩི་བྱས་ཡོད་འདུག

མི་ལོ་༥༡ཡར་སྔོན་གྱི་དེ་རིང་གི་ཉིན་མོར། བོད་རིགས་མང་ཚོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་དབང་བསྒྱུར་ལ་ཞི་རྒོལ་མི་བྱེད་ཐབས་མེད་དུ་གྱུར་ཞིང༌། དུས་མཚུངས་སུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་གཞུང་བཀའ་ཤག་གིས་མཚོན་པའི་བོད་གཞུང་གི་ལས་ཞབས་ཧྲག་བསྡུས་མཉམ་རྒྱ་གར་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དང༌། དེ་སྐབས་བོད་ནང་དྲག་གནོན་ཚད་མེད་བྱུང་སྟེ་ཟླ་ཤས་ནང་བོད་མི་ཁྲི་ཕྲག་མང་པོ་རྒྱའི་བཅིངས་འགྲོལ་དམག་གིས་དམར་གསོད་དང་འཇུ་བཟུང་བཙོན་འཇུག་བྱས་པ་རེད།

གྲོང་ཁྱེར་ཕོན་ས་གནས་ཀྱི་བོད་རང་དབང་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་མྱོང་བཞིན་པའི་བཙན་གནོན་མནར་གཅོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲིལ་བསྒྲགས་དང་གསལ་སྟོན་བྱེད་རྒྱུ་དེ་ང་ཚོ་རང་དབང་ལུང་པའི་ནང་འཚར་ལོངས་བྱུང་མཁན་བོད་མི་རྣམས་ཀྱི་ལས་འགན་རེད། དེ་ཡང་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བརྒྱུད་ང་ཚོར་འཛམ་གླིང་ས་ཕྱོགས་མི་འདྲ་ནས་སླེབས་པའི་ན་ཟླ་ཚོར་བོད་དོན་འཐབ་རྩོད་སྐོར་ངོ་སྤྲོད་བྱེད་པའི་གོ་སྐབས་བྱུང་སོང་ལ། ཁོ་ཚོས་བོད་མི་དང་གདུང་སེམས་མཉམ་བསྐྱེལ་གནང་སོང༌། ཞེས་བརྗོད་ཡོད་འདུག

ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ལས་འགུལ་གྱི་ཕན་ནུས་སྐོར་འགྲེལ་བརྗོད་བྱས་དོན། ཐེངས་འདིའི་ཚོགས་འདུ་བརྒྱུད་ང་ཚོས་ཚོགས་བཅར་བ་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་པའི་གནས་བབས་གསལ་བཀྲོལ་བྱེད་ཐུབ་སོང༌། ཞེས་ཟེར།

གྲོང་ཁྱེར་ཕོན་ནང་དུ་མཐུན་རྐྱེན་འཛོམས་པའི་ཤེས་ཡོན་སློབ་གསོ་ལྟེ་གནས་བརྒྱ་ཕྲག་ལྷག་དང་གཙུག་ལག་སློབ་གྲྭ་ཆེན་མོ་དགུ་ལྷག་ཡོད་སྟབས། འཛམ་གླིང་ཡུལ་གྲུ་ཁག་མང་པོ་ནས་སློབ་མ་སྟོང་ཕྲག་མང་པོ་དེར་སློབ་གཉེར་བྱེད་པར་ཡོང་གིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།