ཐའེ་ཝན་གྱི་སློབ་ཆེན་ཞིག་གིས་སུམ་བཅུ་དུས་དྲན་སྐབས་ལས་འགུལ་སྤེལ་རྒྱུ་རེད།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༣ཉིན། ཐའེ་ཝན་དུ་རྟེན་གནས་བྱས་ཡོད་པའི་འདི་ག་གསར་ཁང་གི་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཐའེ་ཝན་བྱང་ཁུལ་གྱི་ཞིན་ཀྲུའུ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཡོངས་འགྲིམ་འགྲུལ་སློབ་གྲྭ་ཆེན་མོས། ཐོན་ལ་ཉེ་བའི་སུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པའི་སྐབས་སུ་ལས་འགུལ་སྣ་མང་ཞིག་སྤེལ་ཏེ་སུམ་བཅུ་དུས་དྲན་སྲུང་བརྩི་གནང་རྒྱུ་རེད་འདུག
དེ་ཡང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཐའེ་ཝན་བོད་རྒྱ་མཛའ་གྲོགས་མཐུན་ཚོགས་ཀྱི་ཡན་ལག་རྒྱལ་སྤྱིའི་གྲ་སྒྲིག་ལས་ཁུངས་གཉིས་ཀྱིས་མཉམ་རུབ་སྒོས། ཐེངས་འདིའི་སུམ་བཅུ་དུས་དྲན་དང་སྟབས་བསྟུན་ཏེ་བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང༌། གཏམ་བཤད་སྤེལ་བ། དེ་བཞིན་བགྲོ་གླེང་སྐོང་བ་སོགས་ཀྱི་ལས་རིམ་གང་མང་ཞིག་བཀོད་སྒྲིག་གནང་འཆར་ཡོད་འདུག
འདི་ག་གསར་ཁང་གི་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཚེས་༤ཉིན། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་འཛིན་སྐུ་ཞབས་ཟླ་བ་ཚེ་རིང་ལགས་དང༌། ཐའེ་ཝན་མང་གཙོ་གཅིག་སྒྲིལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཆན་ད་ལགས་གཉིས་ཀྱིས་བོད་རྒྱའི་འབྲེལ་བའི་ཐད་ལ་བགྲོ་གླེང་གནང་རྒྱུ་རེད་ཅིང། ཚེས་༡༣་དང་༡༦། དེ་མིན་༡༨ཉིན་བཅས་ལ་ཐའེ་བོད་གོ་རྟོགས་མཉམ་སྤེལ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཟུར་བ་སྐུ་ཞབས་ཝུན་ཞིས་ཅེ་ལགས་ཀྱིས་བོད་དང་རྒྱ་ནག་ནང་དར་ཁྱབ་བྱུང་བའི་ནང་ཆོས་དང་དེའི་འབྱུང་ཁུངས་སྐོར་ལ་གཏམ་བཤད་སྤེལ་རྒྱུ་རེད་ལ། ཚེས་༢༤ཉིན། ཐའེ་ཝན་ཞིན་ཀྲུའུ་གྲོང་ཁྱེར་གྱི་རྒྱལ་ཡོངས་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཕན་མེས་ལིན་དང༌། ཐའེ་ཝན་གྱི་ས་གནས་བོད་གཞོན་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་བཙན་བྱོལ་བོད་མིའི་འཚོ་གནས་འཚོ་ཐབས་སྒང་ལ་གཏམ་གླེང་སྤེལ་རྒྱུ་རེད་འདུག
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།