ཨ་རིའི་སྐུ་ཚབ་ཚོཌ་ཆུང་ཞིག་རྒྱ་ནག་ལ་འཚམས་གཟིཌ་བསྐྱོད་ཡོད་འདུག
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༣ཉིན་སྤེལ། རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ལམ་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་ཇེམ་སི་སི་ཌན་བྷིར་གྷི་དང་ཕོ་བྲང་དཀར་པོའི་ཨེ་ཤ་ཡའི་ལས་དོན་ཐད་ཀྱི་སློབ་སྟོན་པ་གཙོ་བོ་ཇེ་ཕི་རེ་བྷེ་ཌིར་ལགས་གཉིས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་ཟླ་འདིའི་ཚེས་༢ནས་༤ཉིན་བར་རྒྱ་ནག་ནང་འཚམས་གཟིགས་བྱེད་བཞིན་ཡོད་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆང་ཀང་གིས་ཟླ་སྔོན་མའི་ཚེས་༢༧ཉིན་བརྗོད་པ་ལྟར་ན། ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་ཇེམ་སི་སི་ཌན་བྷིར་གྷི་དང་ཕོ་བྲང་དཀར་པོའི་ཨེ་ཤ་ཡའི་ལས་དོན་ཐད་ཀྱི་སློབ་སྟོན་པ་གཙོ་བོ་ཇེ་ཕི་རེ་བྷེ་ཌིར་ལགས་གཉིས། ཟླ་༣པའི་ཚེས་༢ནས་༤ཉིན་བར་རྒྱ་ནག་ལ་འཚམས་འདྲི་བྱེད་པར་བཏང་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གནད་དོན་སྒང་ལ་རྒྱ་ནག་ཕྱོགས་དང་བསམ་འཆར་བརྗེ་རེས་བྱ་རྒྱུ་རེད། ཅེས་དང༌། རྒྱ་ནག་ཕྱོགས་ཀྱིས་ཨ་རིའི་ཕྱོགས་ཀྱི་རེ་བར་མོས་མཐུན་བྱས་ཡོད། ཅེས་གསར་འགོད་པར་བརྗོད་ཡོད་འདུག
ཟླ་སྔོན་མའི་ནང་གི་ྋགོང་ས་ཏཱ་ལའི་བླ་མ་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གཉིས་ཀྱི་མཇལ་འཕྲད་ལ་རྒྱ་ནག་ཕྱོགས་ཀྱིས། རྒྱ་ནག་གིས་ཏཱ་ལའི་ཨ་རིར་འགྲོ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང༌། ཨ་རིའི་འགོ་ཁྲིད་ཀྱིས་རྣམ་པ་གང་འདྲ་དང་མིང་ཅི་ཞིག་གི་སྟེང་ནས་ཏཱ་ལའི་ལ་ཐུག་འཕྲད་བྱེད་པར་ཡང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ལངས་ཕྱོགས་འདི་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅིང་ཁ་གསལ་བོ་ཡིན། ཞེས་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་འདུག
ཉེ་བའི་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་རྒྱུའི་ལས་འཆར་དང༌། རྒྱ་ནག་ནང་གི་གྷི་གྷིལ་གྱི་རྩོད་རྙོག དེ་མིན་ཨོ་བྷ་མ་དང་ྋགོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་སོགས་ལ་བརྟེན་ནས་རྣོ་ངར་ཅན་དུ་གྱུར་ཡོད་པས། ཐེངས་འདིའི་ཨ་རིའི་སྐུ་ཚབ་ཚོགས་པས་རྒྱ་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཚོ་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གནད་དོན་ཐད་ལ་གོ་བསྡུར་བྱེད་འཆར་ཡོད་འདུག
ཤམ་བྷ་ལའི་ཕོ་ཉའི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།