ཐའེ་ཝན་དུ་སུམ་ཅུ་དུས་དྲན་སྲུང་བརྩི་གནང་འཆར་འདུག
མཐའ་མའི་བསྐྱར་བཅོས། (༠༣༢༠༡༠༡༩༤༧)
ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ང་གཅིག་འཁོར་བའི་སུམ་བཅུ་དུས་དྲན་སྐབས་སུ། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང༌། ཐའེ་ཝན་དུ་རྟེན་གཞི་བྱས་ཡོད་པའི་བོད་མིའི་བདེ་དོན་ཚོགས་པ། དེ་བཞིན་བོད་ཀྱི་གཞོན་ནུ་ཚོགས་པ་གསུམ་གྱིས་ཟླ་འདིའི་ཚེས་༡༠ཉིན་གྱི་དགོང་མོར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་རང་དབང་ཐང་ཆེན་དུ། བོད་རང་དབང་རང་བཙན་ཆེད་གཅེས་སྲོག་བློས་གཏོང་མཁན་རྣམས་ལ་གསོལ་འདེབས་སྨོན་ལམ་གྱིས་མཚོན་པའི་མར་མེ་ཁྲོམ་སྐོར་ཞིག་བཀོད་སྒྲིག་གནང་རྒྱུ་ཡིན་པ་དང༌། ཕྱི་ཚེས་༡༤སྟེ་གཟའ་ཉི་མའི་ཉིན་ཐའེ་ཝན་དུ་གནས་བཞུགས་བྱས་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་སྤུན་ཟླ་རྣམས་ཀྱིས་སུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པ་སྲུང་བརྩི་གནང་རྒྱུ་རེད་འདུག
ཕྱི་ལོ་༢༠༠༩ལོར། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་གནས་བབས་ཡར་རྒྱས་གཏོང་བ་ཕར་ཞོག ས་བྱི་ལའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་གྱི་ཞི་རྒོལ་བ་རྣམས་འཛིན་བཟུང་བཙོན་འཇུག་དང་སྲོག་ཐོག་ཏུ་གཏོང་བ་སོགས་དྲང་བདེན་མིན་པའི་ཁྲིམས་ཆད་སྣ་ཚོགས་བཅད་ཡོད་པ་དང༌། བོད་ཀྱི་ཆོས་རིག་ལ་དུང་ཞེན་ཆེ་ཞིང་མི་རིགས་ཀྱི་ལ་རྒྱ་སྲུང་མཁན་བོད་རིགས་གཞས་པ་དང༌། རྩོམ་པ་པོ། དེ་མིན་གྱི་ཤེས་ལྡན་མི་སྣ་གང་མང་ཞིག་ཉེས་འཛུགས་སྣ་མང་འོག་བཙན་ཁྲིད་དང་བཙོན་འཇུག་བྱས་ཡོད་འདུག
གཞན་ཡང་གོང་གསལ་གྱི་ཚོགས་པ་གསུམ་གྱིས་ཐའེ་ཝན་མི་མང་དང་ཚོགས་པ་སྐྱིད་སྡུག་ཁག་ལ་སུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་ང་གཅིག་པའི་ལས་རིམ་ཁག་ནང་འཛུལ་ཞུགས་ཡོང་རོགས་ཀྱི་འབོད་སྐུལ་ཞུས་ཡོད་འདུག
ཤམ་བྷ་ལའི་ཕོ་ཉའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།