བལ་ཡུལ་ཉེན་རྟོག་པས་བལ་བོད་ས་མཚམས་སུ་བོད་མི་༡༧འཛིན་བཟུང༌།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༦ཉིན། རེས་གཟའ་ཕུར་བུ་ཉིན་བལ་ཡུལ་ཉེན་རྟོག་པས་མདོ་ལ་ཁར་བླ་མ་བྷ་གྷར་ཞེས་པའི་བལ་བོད་ས་མཚམས་སུ། སྐྱབས་བཅོལ་དུ་ཡོང་མཁན་བོད་མི་༡༧འཛིན་བཟུང་བྱས་ཡོད་འདུག་པ་དང༌། དེའི་ནང་སྐྱེས་པ་༡༠དང་བུད་མེད་༧བཅས་ཡོད་འདུག
བལ་ཡུལ་གྱི་གསར་ལམ་ཁག་ནས་བོད་མི་དེ་དག་ལ་འགྲུལ་བཞུད་བྱེད་ཆོག་པའི་ཡིག་ཆ་སོགས་གང་ཡང་མེད་དུས། བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཚུལ་སྤེལ་ཡོད་འདུག རེས་གཟའ་ཕུར་བུ་ཉིན་གྷོ་གྷར་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་པའི་བོད་མི་དེ་དག་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག་པ་དང༌། སང་ཉིན་ནི་ལས་བྱེད་ཚང་མ་གུང་སེང་ལ་བརྟེན། བཞེས་ཉིན་རེས་གཟའ་ཟླ་བ་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུར་ཡོད་པའི་བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་བྱ་རྒྱུ་ཡིན་འདུག
འོན་ཀྱང་ད་ལྟའི་ཆར་འཛིན་བཟུང་བྱས་པའི་བོད་མི་དེ་དག་ནི་བལ་ཡུལ་གཞུང་གིས་བོད་ལ་ཕྱིར་འབུད་གཏོང་བའམ། ཡང་ན་བཙོན་འཇུག་དང་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་སུ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་སོགས་ཤེས་རྟོགས་གང་ཡང་མེད་པ་རེད།
ཡང་རེས་གཟའ་སྤེན་པ་ཉིན་མདོ་ལ་ཁར་ཞེས་པའི་ས་གནས་དེ་ག་རང་ལ་བལ་ཡུལ་ཉེན་རྟོག་པས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་བཞི་འཛིན་བཟུང་བྱས་ཡོད་འདུག་པ་དང༌། དེས་སྔོན་སྤྱི་ཟླ་༡ཚེས་༡༧ཉིན་བལ་བོད་ས་མཚམས་དེར་བལ་ཡུལ་ཉེན་རྟོག་པས་ས་མཚམས་སུ་འགྲུལ་བཞུད་ཆོག་པའི་ལག་ཁྱེར་མེད་པའི་འགྲེལ་བརྗོད་འོག བོད་མི་༡༠འཛིན་བཟུང་བྱས་ཡོད་པ་རེད།
ཕྱི་ལོ་༡༩༥༩ནས་བཟུང་སྟེ་རིམ་བཞིན་བལ་ཡུལ་དུ་གནས་སྡོད་བྱེད་མཁན་ཁྱོན་བོད་མི་༢༠༠༠༠ཙམ་ཡོད་འདུག་ཀྱང༌། དེང་སང་རྒྱ་ནག་གིས་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་དེ་དག་ཙམ་མ་ཟད་དེ་སྔོན་བལ་ཡུལ་དུ་གནས་སྡོད་བྱས་ཡོད་པའི་བོད་མི་རྣམས་ལའང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།