༧གོང་ས་མཆོག་གི་ཊུ་ཝེ་ཊེར་ཟིན་བྲིས་སུ་ཉིན་གཉིས་ནང་དྲ་གྲོཌ༩༥༧༩༨བྱུང་བ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༢༥ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཟླ་འདིའི་ཚེས་༢༢ཉིན། འཛམ་གླིང་ཐོག་དར་ཁྱབ་དང་དགའ་མོས་ཆེས་ཆེ་བའི་སྤྱི་ཚོགས་དྲ་འབྲེལ་དང་ཟིན་ཐོ་འགོད་ཡུལ་ཊུ་ཝེ་ཊེར་དྲ་གནས་སུ་སྐུ་སྒེར་གྱི་ཁ་བྱང་གསར་བཟོ་དང་འཛུལ་ཞུགས་གནང་སྟེ་ཉིན་གཉིས་འགྲོ་མཚམས་སུ། ྋགོང་ས་མཆོག་ལ་དྲ་གྲོགས་༩༥༧༩༨ལྷག་བྱུང་ཡོད་འདུག
ཊུ་ཝེ་ཊེར་དྲ་གནས་གསར་གཏོད་པ་སྐུ་ཞབས་ཝེའུ་ལེམ་སི་ལགས་ཀྱིས་ཟླ་འདིའི་ཚེས་༢༢ཉིན་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇི་ལི་སི་ནང་མགོན་པོ་གང་ཉིད་ལ་མཇལ་ཁ་ཞུས་འདུག་ལ། སྐབས་དེར་ཁོང་གིས་ྋགོང་ས་མཆོག་ལ་ཊུ་ཝེ་ཊེར་དྲ་གནས་ངོ་སྤྲོད་ཀྱང་གནང་ཡོད་པ་དང༌། ྋགོང་ས་མཆོག་གི་ཊུ་ཝེ་ཊེར་དྲ་ཤོག་ངོས་སུ་ཁོང་རིག་གི་སྐབས་བབས་ཀྱི་མཛད་རིམ་༡༡་དང༌། དེ་བཞིན་པར་རིས་དང་བཅར་འདྲིའི་དྲ་མཐུད་ཁག་ཅིག་འཇུག་སྣོན་བྱས་ཡོད་འདུག
ྋགོང་ས་མཆོག་གིས་ཨ་རིའི་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་བ་སོགས་ཉིན་གྲངས་བཅུའི་རིང་གི་མཛད་འཕྲིན་སྐྱོང་རླབས་ཆེན་སྐྱོང་བཞིན་འདུག་ཅིང༌། རྒྱ་གཞུང་གིས་མགོན་པོ་གང་ཉིད་དང་ཨོ་བྷ་མ་གཉིས་ཀྱི་མཇལ་འཕྲད་ལ་ཁ་རྡུང་དང་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ྋགོང་ས་མཆོག་ནི་བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་རིང་ལུགས་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་མོད། མགོན་པོ་གང་ཉིད་ཀྱིས་ཁོང་རིག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཐད་འབད་བརྩོན་གནང་གིན་ཡོད་ལུགས་ཡང་སྐོར་བསྐྱར་སྐོར་སྒོས་གསལ་འདེབས་གནང་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།