མེ་སྐྱོན་གྱིས་རྐྱེན་པས་མི་༩འཆི་སྐྱོན་བྱུང་འདུག
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༤ཉིན། རྒྱ་གར་གྱི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་རེས་གཟའ་མིག་དམར་ཉིན་རྒྱ་གར་ལྷོ་ཕྱོགས་བྷན་ལོར་གྲོང་ཁྱེར་ནང་སྣ་འཛོམས་ཅན་གྱི་ཚོང་ཁང་ཐོག་བརྩེགས་ཅན་ཞིག་ལ་མེ་སྐྱོན་བྱུང་ནས་མི་༩འཆི་བྱུང་ཡོད་འདུག
བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥ཙམ་ལ་རྒྱ་གར་ལྷོ་ཕྱོགས་བྷན་ལོ་གྲོང་ཁྱེར་ནང་སྣ་འཛོམས་ཅན་གྱི་ཚོང་ཁང་ཐོག་བརྩེགས་ཅན་ཞིག་ལ་མེ་སྐྱོན་ཚབ་ཆེན་བྱུང་ཡོད་འདུག་ལ། སྐབས་དེར་མི་༩འཆི་སྐྱོན་དང་ཉུང་མཐར་ཡང་མི་བསོད་རུ་ཁག་གི་ལས་བྱེད་ཐེ་བའི་ཁྱོན་མི་གྲངས་༡༩ཙམ་ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་འདུག
མི་༩པོ་དེ་འཆི་སྐྱོན་བྱུང་དོན་ནི་ཁོང་ཚོ་མེ་སྐྱོན་བྱུང་ཡུལ་གྱི་ཐོག་བརྩེགས་དེ་ལས་ཕྱི་ལོགས་སུ་མཆོང་བའི་རྐྱེན་གྱིས་ཡིན་འདུག་ལ། ད་ལྟའི་ཆར་ཁྱོན་མི་གྲངས་༦༠ཙམ་སྨན་ཁང་དུ་ལྷག་ཡོད་འདུག ས་གནས་ཉེན་རྟོག་མི་སྣ་དང་མི་བསོད་རུ་ཁག་སོགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། གློག་སྐུད་འབྲེལ་ཐུག་གི་རྐྱེན་གྱིས་མི་སྐྱོན་བྱུང་ཡོད་ཚུལ་བཤད་འདུག
དེར་བརྟེན་རྒྱ་གར་ཀ་ཎ་ཊ་ཀའི་མངའ་སྡེ་བློན་ཆེན་མཆོག་ནས། འཆི་སྐྱོན་བྱུང་བ་དེ་ཚོར་ཧིན་སྒོར་འབུམ་༢དང༌། རྨས་སྐྱོན་ཕོག་པ་དེ་ཚོར་ཧིན་སྒོར་༥༥༌༠༠༠གུན་གསབ་སྤྲད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།