རྒྱ་རིཊ་ཤེས་ཡོན་ཅན་མང་པོས་བོད་དོན་ལ་རྒྱབ་སྐྱོར་ཆེར་གནང་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༢ཉིན། རེས་གཟའ་པ་སངས་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཁ་ལི་པོ་ནིང་ཡའི་གྲོང་ཁྱེར་ལའོ་སི་ཨན་གྷལ་ནང་ཞབས་སོ་འཁོད་ཡོད་པ་དང༌། ཡུལ་དེ་གར་བདུན་ཕྲག་གཅིག་རིང་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག་པ་དང༌། སྐབས་དེར་ཡུལ་དེ་གར་ཡོད་པའི་རྒྱལ་སྤྱིའི་བྱིས་པའི་ཚོགས་སྡེ་ཞེས། དྭགས་ཕྲུག་དང་བདག་མེད་ཀྱི་བྱིས་པའི་ཆེད་དུ་ལས་ཀ་བྱེད་མཁན་ཁེ་མེད་ཀྱི་ཚོགས་སྡེ་ཞིག་ཡོད་འདུག་པ་དེར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་ཡིན་འདུག

ལའོ་སི་ཨན་གྷལ་དུས་བབ་ཅེས་པའི་གསར་ཁང་གི་གསར་འགོད་པས་༧གོང་ས་མཆོག་ལ་བཅའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་བོད་ནང་གི་རང་སྲིད་རང་སྐྱོང་སྐོར་ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐེངས་༩པའི་ཐོག་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཕྱིན་ཡོད་པ་མ་རེད་ཅེས་བཀའ་གནང་འདུག

འོན་ཀྱང་༧གོང་ས་མཆོག་གིས་ད་དུང་ཡང་རྒྱ་ནག་ནང་རྩོམ་པ་པོ་དང་རྒྱ་རིགས་ཤེས་ཡོན་ཅན་མང་པོས་བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཁོང་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་ཡར་རྒྱས་ཤིག་གཏོང་ཐུབ་ཀྱི་རེད། ཁོང་ཚོས་དབུ་མའི་ལམ་ལ་ཁ་བསལ་གཏིང་བསལ་གྱི་རྒྱབ་སྐྱོར་དང་མ་ཚད་ཁོང་ཚོ་རང་ཉིད་ཀྱི་སྲིད་གཞུང་གི་སྲིད་ཇུས་ལའང་ཞིབ་བརྟག་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས་ཕྱི་ལོ་༢༠༠༨ལོར་བོད་མི་རྣམས་ཀྱིས་ཞི་རྒོལ་ལ་རྒྱ་རིགས་ཤེས་ཡོན་ཅན་མང་པོས་གདུང་སེམས་མཉམ་བསྐྱེད་ཤུགས་ཆེར་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་དབང་འཛིན་པ་ཚོས་དེ་ལན་དུ་དྲག་སྤྱོད་སྤེལ་ཡོད་རེད། དེ་ནས་བཟུང་ངོས་རང་དང་རྒྱ་རིགས་མང་པོ་ཞིག་ཐུག་བྱུང༌། ཁོང་ཚོ་ཁ་ཤས་ཀྱིས་ཞི་རྒོལ་མ་བྱས་བར་དུ་བོད་ནང་གི་གནས་སྟངས་དེ་འདྲ་ཤེས་ཀྱི་མེད་ཅེས་གསུངས་མཁན་མང་པོ་ཞིག་འདུག རྒྱ་ནག་ནང་རྩོམ་པ་པོ་ཚོས་བོད་ཀྱི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་དང་བོད་དོན་སྐོར་ཁྱོན་རྩོམ་ཡིག་༨༠༠ཙན་བྲིས་ཡོད་པ་རེད་ལ། རྩོམ་ཡིག་༣༠༠ཙམ་རྒྱ་ནག་ནང་ཁུལ་དུ་འགྲིམས་སྤེལ་བྱས་ཡོད་པ་རེད་ཅེས་གསུངས་འདུག

བདུན་ཕྲག་སྔོམ་མའི་རེས་གཟའ་ཕུར་བུ་ཉིན་༧གོང་ས་མཆོག་དང་ཨོ་བྷ་མ་རྣམས་གཉིས་མཇལ་འཕྲད་གནང་ཡོད་པ་དང༌། ༧གོང་ས་མཆོག་གིས་ཐེངས་འདི་ངོས་སྲིད་འཛིན་མཆོག་དང་མཇལ་འཕྲད་བྱས་ཡོད་པ་རེད། གང་ཡིན་ཟེར་ན། དེ་ནི་རྒྱ་ནག་གཞུང་དང་འབྲེལ་ལམ་གྱི་གནས་སྟངས་སྐོར་ཞུ་རྒྱུ་ནི་ངའི་འགན་ཁྲི་ཞིག་ཡིན་པ་རེད་ཅེས་བཀའ་གནང་ཡོད་པ་རེད།

ཡང་གསར་འགོད་པས་༧གོང་ས་མཆོག་ལ་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ཡར་རྒྱས་ཤིག་གཟིགས་བཞིན་ཡོད་མེད་བཀའ་འདྲི་ཞུས་སྐབས། གང་ཉིད་ཀྱིས། ཡར་རྒྱས་གང་ཡང་ཕྱིན་བཞིན་ཡོད་པ་མ་རེད། རྒྱུན་དུ་རྒྱ་ནག་གི་དབང་འཛིན་པ་ཚོས་ཧ་ཅང་མཁྲེགས་པོ་ཡོད་པ་རེད། དེ་ནི་བོད་མི་རིགས་གཅིག་པུའི་ཐོག་མ་ཡིན་པར་ཁོང་ཚོ་རང་ཉིད་ཀྱི་མི་སེར་ཚོར་ལའང་དེ་ལྟ་བུའི་མཁྲེགས་འཛིན་བྱེད་བཞིན་ཡོད་པ་རེད་ཅེས་ལན་འདེབས་གནང་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའོ་སི་ཨན་གྷལ་ནང་ཆིབས་བསྒྱུར་དང་མཛད་འཕྲིན་སྐྱོང་རིང༌། བདུན་ཕྲག་འདིའི་རེས་གཟའ་སྤེན་པ་ཉིན་བཀའ་སློབ་ཤིག་གནང་རྒྱུ་ཡིན་འདུག་ལ་གཞན་ཡང་རེས་གཟའ་ཉི་མ་ཉིན་ཡུལ་དེ་གར་ཡོད་པའི་གྷོ་བྷི་སུན་ཞེས་པའི་ཟློ་གར་གྱི་ཚོགས་ཁང་ཆེན་མོ་ཞིག་གི་ནང་མི་མང་ལ་གཏམ་བཤད་ཡང་གནང་རྒྱུ་ཡིན་འདུག་པ་དང་། སྐབས་དེར་ཨ་རིའི་རོལ་དབྱངས་པ་སྐད་གྲགས་ཅན་ཤི་རིད་ཁུ་རའོ་ལགས་ཀྱང་མཉམ་དུ་ཚོགས་ཞུགས་གནང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།