གསར་འགྱུར་གསར་པ།:

དགོངས་ཚུལ།

རྒྱ་གཞུང་གི་བྱིས་པའི་བརྟུལ་ཞུགས་ལ་༧གོང་ས་མཆོག་གིས་བཀའ་བཀྱོན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༢༠ཉིན། ཟླ་འདིའི་ཚེས་༡༨ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་པར་རྒྱ་གཞུང་གིས་ཁ་རྡུང་ཚད་མེད་བཏང་འདུག་ལ། ྋགོང་ས་མཆོག་གིས་རྒྱ་གཞུང་གིས་བྱིས་པའི་བརྟུལ་ཞུགས་འཛིན་བཟུང་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ལས་བརྩོན་སྣང་མེད་ལིང་སྐྱུར་བྱེད་བཞིན་ཡོད་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༩ཉིན་གྱི་ཞོགས་པར། རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མ་ཁྲའོ་ཞུས་ཀྱིས་ཨོ་བྷ་མ་དང་ྋགོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་ཡོད་དོན། ཨ་རིའི་ཕྱོགས་ཀྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་ཞིང༌། ཨ་རྒྱའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་༼ཨ་རྒྱའི་མཉམ་འབྲེལ་གསལ་བསྒྲགས༽་ནང་གཏན་འབེབས་བྱས་པའི་རྩ་དོན་དང་འགལ་བ་དང༌། ཨ་རིའི་སྲིད་གཞུང་གིས་ཐེངས་མང་པོར་བསྐྱར་བསྒྲགས་བྱས་པའི་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་དང༌། ༼བོད་རང་བཙན༽ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་བཅས་དང་འགལ་བས།  སྲིད་འཛིན་ཨོ་བྷ་མས་ཏཱ་ལའི་ལ་མཇལ་འཕྲད་བྱས་པ་དེ་ཀྲུང་གོའི་བློར་གཏན་ནས་འབབ་ཀྱི་མེད་ཅིང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག 

ྋགོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་གསར་འགོད་པར། རྒྱ་གཞུང་ཕྱོགས་ནས་ཁོང་དང་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་རྒྱུ་ཡིན་པ་ཁོང་གིས་སྔ་ས་ནས་མཁྱེན་རྟོགས་བྱུང་ཡོད་ལུགས་དང༌། དེ་བཞིན་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་དགོས་འདུན་དང་འཐབ་རྩོད་ལ་རྒྱ་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་སྤྲོད་ཀྱིན་མེད་སྟབས། ད་ལྟའི་ཆར་གྲུབ་འབྲས་ཕྲན་བུ་ཙམ་ལས་སོན་མེད་ཀྱང་ཁོང་རིག་ཡིད་ཕམ་དང་ཁོང་ཁྲོ་ལངས་ཀྱིན་མེད་ལ། བོད་རྒྱའི་དཀའ་རྙོག་ལ་གྲུབ་འབྲས་ཁོང་སྐུ་གཤེགས་རྗེས་མ་གཏོགས་མི་ཡོང་ནའང་བོད་མི་རིགས་ཀྱིས་བོད་དོན་འཐབ་རྩོད་བློས་དོར་བྱེད་མི་སྲིད་སྐོར་འགྲེལ་བརྗོད་གནང་ཡོད་འདུག

གཞན་ཡང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཚེའུ་ཁྲའན་ཁུའུ་ཡིས་པེ་ཅིང་དུ་གནས་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ཇོན་ཧན་ཌི་སི་མན་ལགས་སྐོང་འགུགས་ཀྱིས་ཨོ་བྷ་མས་ྋགོང་ས་མཆོག་ལ་མཇལ་འཕྲད་གནང་བའི་ཐད་ལ་ཁེངས་ར་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།