གསར་འགྱུར་གསར་པ།:

༧གོང་ས་མཆོག་དང་ཨོ་བྷ་མའི་མཇལ་འཕྲད་ལ་བསྔགས་བརྗོད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢༠ཉིན། རྒྱ་ནག་གི་གནོན་ཤུགས་དང་ཉེན་བརྡ་ལ་མ་ལྟོས་པར་ཨ་རི་ཕོ་བྲང་དཀར་པོའི་ནང་༧གོང་ས་མཆོག་དང་ཨོ་བྷ་མའི་མཇལ་འཕྲད་དེར། རེས་གཟའ་ཕུར་བུ་ཉིན་ཨ་རི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་དང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ལྕམ་ནིང་སིང་པི་ལོ་སིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་བསྔགས་བརྗོད་གནང་ཡོད་འདུག

ནིང་སྲིང་པི་ལོ་སིས་༼༧གོང་ས་མཆོག་དང་ཨོ་བྷ་མའི་མཇལ་འཕྲད་དེ་ནི་ཞི་བདེ་དང་འཚེ་བ་མེད་པའི་འཐབ་རྩོད་ཅིག་དང༌། དེ་ནི་དྲང་བདེན་དང༌། བཟང་སྤྱོད། དེ་བཞིན་འགྲོ་བ་མིའི་རིགས་ལ་གུས་ཞབས་ཀྱི་འབོད་སྒྲ་ཞིག་རེད་༽ཅེས་དང་ ༼༧གོང་ས་མཆོག་ནི་ཤེས་རབས་དང་བྱམས་བརྩེའི་འབྱུང་ཁུངས་དང་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་དང་མི་ཚང་མས་བཀུར་བར་འོས་པའི་ཀུན་ཁྱབ་ཀྱི་འོས་འགན་བརྒྱུད་འཛིན་ཆེད་ནུས་པ་ཆེ་བའི་མགྲིན་ཚབ་པ་ཞིག་རེད་༽ཅེས་འགྲེལ་བརྗོད་ཡང་གནང་ཡོད་འདུག

ཡང་ཁོ་མོས་༼སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་གིས་མཇལ་འཕྲད་དེ་ཕྱོགས་གཞན་ཞིག་ནི་ཁོང་རྣམ་གཉིས་ཀྱི་དུས་ཡུན་རིང་པོར་ཕན་ཚུན་མཛའ་བཤེས་དང༌། དེ་བཞིན་ཨ་རི་དང་བོད་མི་རིགས་དབར་འབྲེལ་བ་དམ་ཟབ་ཡོད་པའི་མཚོན་རྟགས་ཅིག་རེད། ང་ཚོས་༧གོང་ས་མཆོག་གིས་འཛམ་གླིང་གི་མི་རྣམས་ཀྱི་ཆེད་དུ་ཐོབ་ཐང་གོང་མཐོ་དང༌། གཅེས་སྐྱོང༌། སྲུང་སྐྱོབས་བཅས་ལ་ངེས་པར་དུ་མུ་མཐུད་ནས་རྒྱབ་སྐྱོར་ཞུ་དགོས་༽ཅེས་གསར་འགོད་གསལ་བསྒྲགས་ཐོག་གསུང་བཤད་གནང་ཡོད་འདུག

༧གོང་ས་མཆོག་གིས་ཨོ་བྷ་མར་མཇལ་འཕྲད་གནང་གྲུབ་རྗེས་ཕྱི་ལོགས་སུ་ཕེབས་སྒུག་ཞུས་ནས་བསྡད་ཡོད་པའི་གསར་འགོད་པ་ཚོར། རྒྱུན་དུ་ངོས་ཀྱི་ཆ་རྐྱེན་གསུམ་སྟེ། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན། ལྷག་པར་བོད་མི་རིགས་ཀྱི་གནད་དོན་བཅས་དཀའ་ངལ་སེལ་བར་སྲིད་འཛིན་མཆོག་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བྱུང་བས་ཧ་ཅང་དགའ་པོ་བྱུང་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་གང་ཉིད་ཀྱིས་༼ངོས་ལ་བོད་མི་ས་ཡ་དྲུག་གི་ཚབ་དུ་སྐད་ཆ་བྱེད་དགོས་པའི་རང་ཁྲིའི་འགན་ཞིག་ཡོད་པ་རེད། བོད་མི་རིགས་ཀྱི་གནད་དོན་དང་འཐབ་རྩོད་དེ་ནི་ཞི་བདེའི་ཆེད་དུ་ཡིན་པ་རེད་༽ཅེས་གསུངས་ཡོད་པ་དེར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དུ་ལན་འདེབས་ཀྱི་ཚུལ་དུ་༼ས་གནས་ཐག་གཅོད་དེ་ནི་རྒྱ་མི་རིགས་དང་ལྷག་པར་དེ་གའི་ས་གནས་གྲངས་ཉུང་མི་རིགས་ཀྱི་ཐག་གཅོད་དགོས་པ་ཞིག་ཡིན་པ་དང༌། བོད་མི་རིགས་ཀྱི་ལས་དབང་དེ་ནི་ཕྱི་རྒྱལ་བ་ཁ་ཤས་དང་ཏཱ་ལའི་བླ་མར་འབྲེལ་མེད་པ་དེ་ཏཱ་ལའི་བླ་མས་དྲན་པ་བརྗེད་ཚར་ཡོད་ས་རེད་ཅེས་བཀོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།