གསར་འགྱུར་གསར་པ།:

རྒྱ་གཞུང་གི་ངོ་རྒོལ་ཁྲོད་༧གོང་ས་མཆོག་དང་ཨོ་བྷ་མའི་མཇལ་འཕྲད།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༩ཉིན། ཁ་སང་ཕྱི་ཚེས་༡༨ཉིན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཨོ་བྷ་མ་སྲིད་འཛིན་གྱི་ངོས་ནས་མཇལ་འཕྲད་ཐེངས་དང་པོ་དེ་གནང་ཡོད་པ་དང༌། དེའི་དབང་གིས་རྒྱ་ནག་པེ་ཅིང་གཞུང་ནི་ཁོང་ཁྲོའི་ཁྲོད་དུ་ཟློས་གར་འཁྲབ་བཞིན་ཡོད་པ་རེད་འདུག

ཐེངས་འདིར་མཇལ་འཕྲད་གནང་ཡུལ་ནི་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲ་ཁང་མིག་ཞེས་པ་དེའི་ནང་རེད་འདུག་ལ། དེ་ནི་སྒོང་དབྱིབས་གཞུང་ལས་ཁང་ཞེས་པའི་རྒྱུན་དུ་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་ཡུལ་གྱི་ཁང་མིག་དེའི་ཁ་སྤྲོད་དུ་ཡོད་འདུག

རྒྱ་ནག་པེ་ཅིང་གཞུང་གིས་ཐེངས་འདིའི་མཇལ་འཕྲད་ལ་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད། གང་ཡིན་ཟེར་ན། ཁོང་ཚོས་བོད་ནི་རྒྱ་ནག་གི་ཆ་ཤས་དང་བོད་ཀྱི་ཐོག་རྒྱ་ནག་ལ་དབང་ཚད་ཆ་ཚང་ཡོད་པ་དང༌། ༧གོང་ས་མཆོག་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པའི་ཐོག ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་པ་དེ་ནི་ཀྲུང་གོའི་ནང་སྲིད་ལ་ཐེ་བྱུས་བྱས་པ་སོགས་ཀྱི་འུར་གཏམ་སྒྲོག་བཞིན་ཡོད་པ་རེད།

ཐེངས་འདིར་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་རྗེས་༧གོང་ས་མཆོག་གིས་ཐེངས་འདིའི་ཚོགས་ཐུན་ལ་ཧ་ཅང་གི་དགའ་པོ་བྱུང་སོང༌། ངོས་ནས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང༌། ཆོས་ལུགས་ཕན་ཚུན་འཆམ་མཐུན་བཟོ་རྒྱུ། དེ་བཞིན་འཛམ་གླིང་ཁྱོན་དུ་རླབས་ཆེ་བའི་བུད་མེད་དབུ་ཁྲིད་ཀྱི་ལམ་ལུགས་སམ་བྱེད་སྒོ་སྐོར་དང༌། བོད་མི་རིགས་ཀྱི་གནད་དོན་བཅས་སྐད་ཆ་བྱས་དུས། ཁོང་གིས་ཧ་ཅང་གི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བྱུང་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་འདུག

 ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་པའི་དྲུང་ཆེ་སྐུ་ཞབས་རོའོ་བྷ་ཋི་གྷོ་བྷིད་མཆོག་གིས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་གི་དབུ་མའི་ལམ་དང་འཚེ་བ་མེད་པའི་དམ་བཅའ་ལ་བསྔགས་བརྗོད་དང༌། རྒྱ་ནག་གཞུང་དང་ལྷན་དུ་སྐད་ཆ་མུ་མཐུད་ནས་བྱེད་དགོས་པའི་སྐོར་ནན་ཞུ་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

ཨ་རིས་དེ་སྔོན་ཐའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བྱས་པ་དང༌། ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་ཚོང་འབྲེལ་གྱི་གནད་དོན་དང་དྲ་རྒྱའི་རྩོད་རྙོིག གཞན་ཡང་སྲིད་འཛིན་ཨོ་བྷ་མས་དབྱི་རན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་གྱི་གནད་དོན་དང༌། དེ་བཞིན་འཛམ་གླིང་གོ་ལའི་ཚ་དྲོད་འགྱུར་ལྡོག་ཐད་ཀྱི་ལས་དོན་མང་པོ་ཞིག་རྒྱ་ནག་གིས་རྒྱབ་སྐྱོར་དགོས་ཀྱི་ཡོད་པའི་དབང་གིས། ཛ་དྲག་གི་གནས་སྟངས་འོག་སླར་ཡང་རྒྱ་ནག་ལ་ཁོང་ཁྲོ་ཇེ་ཆེར་སློང་དོགས་ཀྱིས། ཐེངས་འདིའི་༧གོང་ས་མཆོག་ལ་མཇལ་འཕྲད་ཀྱི་ཚད་གཞི་ནི་དེ་ཙམ་གྱི་ཚད་མཐོ་པོ་ཞིག་མིན་པའི་ངེས་འཛིན་བྱེད་མཁན་ཡང་ཡོད་འདུག

ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤུའི་ཨེ་ཤ་ཡའི་གནད་དོན་གྱི་སློབ་སྟོན་པ་རྒན་པ་མིལ་ཆལ་གྷ་རན་གྱིས། རྒྱ་ནག་གཞུང་གིས་བོད་དེ་ཕན་ཚུན་གྲོས་མཐུན་གྱི་ཐོག་ནས་དབང་སྒྱུར་བྱས་ཚུལ་གསལ་བ་དང༌། དོན་དངོས་ཐོག་ཐེངས་འདིར་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཉམ་བཞུགས་ཀྱིས་དགའ་ཉེ་ངང་ཚུལ་འདི་ནི་ཡོད་ཚད་བོད་མིའི་གནད་དོན་ཆེད་དུ་ཡིན་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

སྔོན་དཔག་རང་བཞིན་གྱི་ཐོག་ནས་པེ་ཅིང་གཞུང་ནི་ཐེངས་འདིའི་མཇལ་འཕྲད་ལ་ཁོང་ཁྲོ་གཟོད་ཐབས་མེད་པ་ཞིག་ལང་ཡོད་པ་དང༌། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་མའ་ཀྲོའོ་ཞུན་གྱིས་གསར་འགོག་གསལ་བསྒྲགས་ཤིག་གི་ཐོག ཐེངས་འདིར་ཨ་རིས་རྒྱ་ནག་གི་ནང་སྲིད་དང་འབྲེལ་བའི་སྲིད་ཇུས་ལ་ཛ་དྲག་ཅན་གྱི་ཐེ་བྱུས་དང་རྒྱ་ནག་མི་མང་གི་སེམས་ཚོར་ལ་རྨ་ཁ་ཆེན་པོ་གཏོད་ཡོད་པ་རེད་ཅེས་དང༌། ཡང་ཁོང་གིས་ཨ་རིས་བོད་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་མེད་ཅེས་པའི་ངོས་ལེན་ལ་རྩི་མེད་གཏོང་བ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་བྱས་དོན་ནི། གང་ཉིད་ནི་འཛམ་བུ་གླིང་གི་མི་རྣམས་ཀྱིས་གུས་ཞབས་བྱེད་འོས་པའི་ཆོས་ཀྱི་དབུ་ཁྲིད་ཅིག་རེད་ཅེས་གསལ་འདེབས་བྱས་ཡོད་པ་རེད།

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༩༡ནས་བཟུང་སྟེ་ཨ་རིའི་ཨ་རིའི་སྲིད་འཛིན་ལས་ཐོག་རིམ་བྱུང་དང་མཇལ་འཕྲད་གནང་ཡོད་པ་དང༌། མཇལ་འཕྲད་རེ་རེ་ལ་རྒྱ་ནག་ཕྱོགས་ནས་ངོ་རྒོལ་དང་ཁོང་ཁྲོ་ནི་རྒྱུན་ལྡན་ནམ་འཆར་ཅན་ཞིག་ཏུ་གྱུར་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ནང་དོན་གཙོ་བོ་ཞིག
1 ༢༠༢༠༡༠༠༧༤༧
ཨ་རིའི་ཕོ་བྲང་ནས་ཡིག་ཐོག་གི་གསལ་བསྒྲགས་སྤེལ་ཏེ། བོད་ཀྱི་ཆོས་ལུགས་དང་སྐད་རིགས། རིག་གནས་གསུམ་གའི་ཁྱད་ཆོས་རྒྱུན་འཛིན་ཡོང་བར་རམ་འདེགས་བྱེད་པ་ཡིན་ཟེར།



བརྗོད་གཞི་གཞན་ཁག་ལ་གཟིགས།