རྒྱ་གར་ནང་མའོ་གྱེན་ལོག་པས་མི་སེར་༡༡དམར་བསད་བཏང་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༨ཉིན། དེ་རིང་ཞོགས་པར་རྒྱ་གར་གྱི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་གར་ཤར་ཕྱོགས་བྷི་ཧར་མངའ་སྡེའི་ནང༌། མའོ་གྱེན་ལོག་པས་གྲོང་སྡེའི་ནང་རྒོལ་རྡུང་གིས་མི་སེར་༡༡ཙམ་དམར་བསད་བཏང་བས་མ་ཚད་མི་སེར་གྱི་སྡོད་ཁང་༣༠ཙམ་མེ་བསྲེགས་བཏང་ཡོད་འདུག་པ་དང་། མི་སེར་ཚོས་ཀྱང་མའོ་གྱེན་ལོག་པ་ཁྱོན་མི་༨ཙམ་བསད་ཡོད་འདུག

ས་གནས་ཉེན་རྟོག་པས་འགྲེལ་བརྗོད་བྱས་པ་ལྟར་ན། རེས་གཟའ་ཕུར་བུ་ཉིན་གྱི་ཞོགས་པ་སྔ་མོར་མའོ་གྱེན་ལོག་པ་ཁྱོན་མི་གྲངས་༡༠༠ལྷག་ཙམ་གྱིས། རྗར་མུའུ་ཏིད་རྫོང་གི་པལ་ཝ་རིའ་ཀོ་ར་སི་གྲོང་སྡེའི་ནང་རྒོལ་རྡུང་ཐོག མི་སེར་བསད་རྡུང་དང༌། མི་མང་གི་སྡོད་ཁང་༣༠ལྷག་ཙམ་མེ་བསྲེགས་བཏང་འདུག་ཟེར།

དེ་ཡང་རྒྱ་གར་ནང་མའོ་གྱེན་ལོག་པས་དམར་ཤོགས་ཀྱི་སྲིད་ལུགས་འཐབ་རྩོད་འོག མི་ལོ་༢༠རིང་ཁྱོན་མི་གྲངས་༦༠༠༠ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང༌། ཉེ་ཆར་རྒྱ་གར་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཁ་ཤས་ནང་གྱེན་ལོག་པ་ཚོར་ཁ་གཏད་ཀྱི་ལས་འགུལ་འགོ་ཚུགས་ཡོད་འདུག་པ་དང༌། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་མཆོག་གིས་མའོ་གྱེན་ལོག་པ་ནི་རྒྱ་གར་གྱི་ནང་སྲིད་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐད་ཆེས་ཉེན་ཚབ་ཆེ་ཤོས་ཅིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

མའོ་གྱེན་ལོག་གི་རྒོལ་རྡུང་བ་དེ་ཚོ་མངའ་སྡེའི་གྲོང་ཁྱེར་པ་ཏི་ཎ་ནས་སྤྱི་ལེ་༢༠༠ཙམ་གྱི་མཚམས་སུ་སླེབས་ཡོད་འདུག་པ་དང༌། སྤྱིར་རྒོལ་རྡུང་ཕོག་ཡུལ་གྱི་གྲོང་སྡེ་དེ་ནི་ཉེན་རྟོག་ལས་ཁུངས་ཅིག་དང་བར་ཐག་སྤྱི་ལེ་གསུམ་ལས་མེད་ཀྱང༌། ཉེན་རྟོག་པ་རྣམས་ཆུ་ཚོད་ཁ་ཤས་རིང་གནས་ཚུལ་འབྱུང་ཡུལ་དེར་སླེབས་ཐུབ་ཡོད་མི་འདུག་ལ། གྲོང་མི་རྣམས་ཀྱིས་རྒོལ་རྡུང་བ་ཁྱོན་མི་༨ཙམ་བསད་ཡོད་འདུག

ཡང་གནས་ཚུལ་གཞན་ཞིག་སྤེལ་བ་ལྟར་ན། རེས་གཟའ་ཟླ་བ་ཉིན་རྒྱ་གར་གྱི་ནུབ་བྷན་གྷལ་མངའ་སྡེའི་ནང་མའོ་གྱེན་ལོག་པས་དམག་སྒར་ཞིག་ལ་རྒོལ་རྡུང་གིས་དམག་མི་༢༤ཙམ་བསད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།