པེ་ཅིང་ཨོ་རྩལ་གྱི་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༣ཉིན། ཕྱི་ལོ་༢༠༡༠ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་སང་ཉིན་ཁེ་ན་ཌའི་རྒྱལ་ས་ཝན་ཀོ་ཝར་ནང་འཚོགས་རྒྱུ་ཡིན་པ་རེད། འོན་ཀྱང་དེ་སྔོན་ཕྱི་ལོ་༢༠༠༨ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང༌། གསར་འགོད་པ། དེ་བཞིན་དྲ་རྒྱའི་ཟིན་བྲིས་པ་སོགས་མི་མང་པོ་ཞིག་ད་དུང་མུ་མཐུད་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

ད་ལྟ་ཡང་རྒྱ་ནག་ནང་རྒྱ་མིའི་ཁྱིམ་ཚང་བཅུ་ཕྲག་མང་པོ་ན་ནིང་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་འབྲས་ཀྱིས་རྐྱེན་པས་སེམས་སྡུག་དང་འཇིགས་རྔམ་ཁྲོད་གནས་ཡོད་པ་རེད། གང་ཡིན་ཟེར་ན། དེ་སྔོན་གཞི་རྩའི་སྨྲ་བརྗོད་རང་དབང་བེད་སྤྱོད་ཀྱིས་སྐད་ཆ་བཤད་མཁན་རྣམས་ད་དུང་ཡང་རྒྱ་གཞུང་གིས་བཀག་ཉར་བྱས་ཡོད་པ་རེད། སྟབས་མི་ལེགས་པ་ཞིག་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཚོགས་ཆུང་གི་ཚོགས་གཙོ་རྗ་ཁོ་སི་རོའོ་ཇིས་ནག་ཉེས་མེད་པའི་མི་དེ་ཚོ་བཀག་ཉར་དང་བཙོན་འཇུག་བྱས་པར་དོ་སྣང་དང་ལས་ཀ་གང་ཡང་བྱས་ཡོད་པ་མ་རེད། དེ་ནི་ཁོང་གིས་ཨོ་རྩལ་འགྲན་ཚོགས་ཀྱི་སྐད་གྲགས་ལ་ནག་ཐིག་བཟོས་པ་ཞིག་རེད་ཅེས་རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འགྲེལ་བརྗོད་བྱས་འདུག

ཡང་རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཨོ་རྩལ་ཚོགས་ཆུང་གི་ཚོགས་གཙོ་རོའོ་ཇིས་མཆོག་ལ། ཨོ་རྩལ་འགྲན་ཚོགས་སྐབས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་བཙོན་པ་དེ་ཚོ་གློད་བཀྲོལ་དགོས་པའི་སྐོར་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོ་དང་སྐད་ཆ་བྱེད་དགོས་པ་རེད་ཅེས། དྲ་རྒྱ་བདེ་སྤྱོད་གཏོང་མཁན་གྱི་མི་གྲངས་༡༦༠༠ལྷག་ཙམ་གྱི་ས་རྟགས་དང་ལྷན་དུ་ཞུ་ཡིག་ཅིག་ཕུལ་ཡོད་འདུག

སྙན་ཞུ་དེའི་འདྲ་བཤུས་སང་ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་དང་དེ་བཞིན་རྗར་མིན་ནིང་གི་རྒྱལ་ས་བྷིར་ལིན་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གཉིས་ལའང་སྤྲད་འཆར་ཡོད་འདུག ཡིག་ཆ་དེའི་ནང་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་གལ་སྲིད་རྒྱལ་ནག་གི་དབང་འཛིན་པ་ཚོ་ཁྲིམས་མཐུན་དང་ཚད་ལྡན་ཞིག་ཡིན་ན། ཨོ་རྩལ་འགྲན་ཚོགས་ཀྱི་བཙོན་པ་དེ་ཚོ་གློད་བཀྲོལ་གཏོང་དགོས་པ་རེད་ཅེས་བྲིས་ཡོད་འདུག པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་བཙོན་པ་དེ་ཚོའི་ལོ་རྒྱུས་ཞིབ་ཕྲ་གཤམ་གྱི་དྲ་འབྲེལ་དེར་གཟིགས་རོགས་ཞུ། http://www.rsf.org/en-petition34043-Olympic_prisoners.html

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།