༧གོང་ས་མཆོག་ལ་རང་དབང་གི་གཟེངས་རྟགས་ཤིག་འབུལ་རྒྱུ་རེད་འདུག
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༨ཉིན། དེ་རིང་རྒྱལ་སྤྱིའི་ས་འོག་ལྕག་ལམ་རང་དབང་ལྟེ་གནས་ཞེས་པའི་ཚོགས་སྡེ་ཞིག་གིས། མ་འོངས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་ཤིག་བཞེས་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་སྤེལ་འདུག
དེ་ཡང་༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་རང་དབང་བདེན་པའི་ཆེད་སྐུ་ལས་དུ་མ་བསྐྱོན་པའི་དབང་གིས། ཕྱི་ལོ་༡༨༩༨ལོར་གང་ཉིད་ལ་འཛམ་གླིང་ཞེ་བདེའི་གཟེངས་རྟགས་ཕུལ་ཡོད་པ་དང༌། མ་འོངས་སྤྱི་ལོ་༢༠༡༠ཟླ་༡༠ཚེས་༢༠ཉིན་ཨ་རིའི་མངའ་སྡེ་ཨོ་ཧིད་ཨོའི་གྲོང་ཁྱེར་སིན་སིན་ནཱ་ཏི་ནས་གང་ཉིད་ལ་རང་དབང་གི་གཟེངས་རྟགས་ཤིག་འབུལ་རྒྱུ་རེད་ཅེས། རང་དབང་ལྟེ་གནས་ཞེས་པའི་ཆེས་མཐོའི་འཛིན་སྐྱོང་ལས་ཁུངས་ཀྱི་ཚོགས་གཙོ་དྷོ་ནའ་ཌི་ཌ་ལིའུ་མུར་ཕིད་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
མ་འོངས་༧གོང་ས་མཆོག་གིས་ང་ཚོའི་རང་དབང་གི་གཟེངས་རྟགས་ཕྱག་བཞེས་གནང་གི་ཡོད་པ་དེས། ང་ཚོ་འདོད་བློ་ཚིམ་པས་མ་ཚད་ཧ་ལས་དགོས་པའི་གཟི་བརྗིད་ཀྱང་གནང་བྱུང༌། གཟེངས་རྟགས་དེ་ནི་མི་སྒེར་རམ་ཚོགས་སྡེ་གང་ཞིག་ཡིན་རུང་རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ནུས་པ་དང༌། ཁྱད་པ་ཅན་དེ་ཚོར་ཕུལ་གྱི་ཡོད་པ་རེད་ཅེས་མུར་ཕིད་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
༧གོང་ས་མཆོག་གིས་ངལ་བ་འཛེམས་མེད་ཀྱིས་སྐུ་ཚེ་གང་པོ་བོད་མི་རིགས་ཀྱི་ཆེད་དུ་བདེན་པའི་འཐབ་རྩོད་དང༌། འགྲོ་བ་མིའི་རིགས་ཚང་མའི་ཞི་བདེའི་ཆེད་དུ་དུས་རབས་༡༨དང་༡༩པའི་ནང་གི་བྲན་གཡོག་ལམ་ལུགས་ཀྱི་སྲོལ་རྒྱུན་ལ་འཐབ་རྩོད་ཀྱིས་བྲན་གཡོག་ལམ་ལུགས་དེ་རྩ་གཏོར་གཏོང་བ་རེད།
རང་དབང་གི་གཟེངས་རྟགས་དེ་ནི་མི་མང་གི་ཐོབ་ཐང་སོགས་ཐེ་བའི་མདུན་བསྐྱོད་ཀྱི་སྣེ་ཁྲིད་བྱེད་པོ་དག་ལ་འབུལ་གྱི་ཡོད་འདུག་ལ། དེ་སྔོན་ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤུ་དང་ཁེ་ལིན་ཏུང་སོགས་དྲག་ཅན་གྱི་མི་སྣ་ཁ་ཤས་ལའང་འབུལ་ཡོད་འདུག དེ་ནས་སྐུ་ཞབས་མུར་ཕིད་ལགས་ཀྱིས་མ་འོངས་༧གོང་ས་མཆོག་ལ་རང་དབང་གི་གཟེངས་རྟགས་དེ་འབུལ་རྒྱུ་ཡིན་པ་དང༌། དེའི་སྐབས་སུ་གང་ཉིད་ཀྱིས་གསུངས་བཤད་དང་མི་མང་དང་ལྷན་དུ་དྲི་བ་དྲིས་ལན་ཡང་གནང་རྒྱུ་ཡིན་པ་རེད། ཞིབ་ཕྲའི་གནས་ཚུལ་དང་གྲ་སྒྲིག དེ་བཞིན་འཛིན་ཤོག་སོགས་ཀྱི་སྐོར་རྗེས་སུ་གསལ་བསྒྲགས་སྤེལ་རྒྱུ་ཡིན་ཅེས་གསུངས་འདུག
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ཞི་བདེ་དང་འཚེ་བ་མེད་པ། ཆོས་ལུགས་ཕན་ཚུན་འཆམ་མཐུན། དེ་བཞིན་འཇིགས་རྟེན་ཀུན་ཁྱབ་ཀྱི་འོས་འགན་དང་བྱམས་སྙིང་རྗེ་བཅས་ལ་བརྟེན། སྤྱི་ལོ་༡༩༥༩ནས་བཟུང་སྟེ་ཁྱོན་གཟེངས་རྟགས་དང་ཆེ་བསྟོད་གྲངས་ཁྱོན་༨༤ཙམ་བཞེས་གནང་མཛད་ཡོད་པ་དང༌། ད་དུང་གང་ཉིད་ཀྱིས་ཁྱོན་དེབ་གྲངས་༧༢ཙམ་ལྗགས་རྩོམ་གནང་ཡོད་པ་རེད། ཨ་རིའི་མངའ་སྡེ་ཨོ་ཧིད་ཨོའི་གྲོང་ཁྱེར་སིན་སིན་ནཱ་ཏི་ནང་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་ས་འོག་ལྕག་ལམ་རང་དབང་ལྟེ་གནས་ཞེས་པའི་ཚོགས་སྡེ་དེའི་དྲ་རྒྱའི་ཁ་བྱང་ནི། www.freedomcenter.org. རེད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།