བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་ཡོངས་ཁྱབ་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༣ཉིན། ཁ་སང་ཕྱི་དྲོར། བཞུགས་སྒར་དྷ་སའི་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་ྋགོང་ས་མཆོག་གི་དམིགས་བསལ་ སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་བོད་རྒྱ་འབྲེལ་མོལ་ཐེངས་དགུ་ པའི་སྐུ་ཚབ་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སོང་ལ། ལྷན་ཚོགས་ཐོག་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དང་འབྲེལ་བའི་ཡོངས་ཁྱབ་གསལ་ བསྒྲགས་ཤིག་གནང་ཁར། བོད་དང་རྒྱ་གར། དེ་བཞིན་ཕྱི་རྒྱལ་སོགས་ཀྱི་རྒྱལ་སྤྱིའི་གསར་འགོད་པའི་དྲི་བར་ལན་ལྡོན་གནང་ བྱུང༌།

དེ་ཡང་གསར་འགོད་ལྷན་ཚོགས་ཐོག་ཕྱི་རྒྱལ་གསར་འགོད་པ་ཞིག་གིས་སྐུ་ཚབ་ཚོགས་པར། དེ་རིང་རྒྱ་ནག་ནང་བསྡུས་པའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་གཞུང་གིས། ཏཱ་ལའི་བླ་མ་སྐུ་སྒེར་གྱི་བདེ་སྡུག་སྐོར་ལ་ག་དུས་ཡིན་རུང་གྲོས་མོལ་བྱེད་ཆོག་རྐྱང་ཡིན་མོད། རང་སྲིད་རང་སྐྱོང་ངམ་མ་འོངས་རང་སྐྱོང་དངོས་ཐད་ལ་གྲོས་མོལ་རྩ་བ་ནས་ཡོང་ཐབས་མེད་ལ། རྒྱ་གཞུང་གི་ངོས་ནས་འོས་མེད་བློས་གཏོང་ཅི་ཡང་བྱེད་མི་སྲིད། ཅེས་གསལ་ཁྱབ་སྤེལ་ཡོད་འདུག བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་ལྷན་དུ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་བདེ་སྡུག་ཐད་གྲོས་མོལ་བསྐྱར་གསོ་བྱེད་རྒྱུ་ཡིན་ནམ། ཞེས་དྲི་འདོན་བྱས་སོང༌།

རྒྱ་རི་བློ་གྲོས་མཚན་མཆོག་གིས་དེའི་ལན་དུ།   རྒྱ་ནག་པེ་ཅིན་གྱི་ང་ཚོ་དང་གོ་གནས་མཉམ་པའི་འགོ་ཁྲིད་རྣམས་ཀྱིས་ང་ཚོའི་གནས་བབས་ལ་ཤེས་རྟོགས་གསལ་བོ་ཡོད། ྋགོང་ས་ཏཱ་ལའི་བླ་མར་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་དུ་རྩོད་རྒྱུའི་སྐུ་སྒེར་གྱི་གནད་དོན་ཅི་གང་ཡང་ཡོད་པ་མ་རེད། དེ་ཡང་ང་ཚོས་གསར་འགོད་གསལ་བསྒྲགས་ནང་ཁ་གསལ་ལེར་བཀོད་པ་བཞིན། ང་ཚོས་རྒྱ་གཞུང་འགོ་ཁྲིད་རྣམས་ལ་ཡང་སྐོར་བསྐྱར་སྐོར་ངང་ང་ཚོའི་གྲོས་མོལ་བྱ་ཡུལ་ནི་བོད་མི་མང་གི་མ་འོངས་དང་བདེ་སྡུག་སྐོར་གྱི་གནད་དོན་ཡིན་པ་ལས། ྋགོང་ས་མཆོག་གི་སྐུ་སྒེར་གྱི་མ་འོངས་པའི་གནས་བབས་དང་ཐོབ་ཐང་མིན། དོན་དངོས་ཐོག་༡༩༧༩ལོར་ང་ཚོ་དང་རྒྱ་གཞུང་དབར་ལ་ཐད་ཀའི་འབྲེལ་ལམ་ཚུགས་ནས་ད་ལྟའི་བར་དུ་ྋགོང་ས་མཆོག་གི་སྐུ་སྒེར་གྱི་མ་འོངས་གནས་བབས་དེ་གྲོས་མོལ་གྱི་གླེང་གཞིར་ཆགས་ཡོད་པ་མ་རེད། འདི་ནི་ཆབ་སྲིད་ཀྱི་འུད་གཏམ་རང་རེད།

དེ་ཡང་ང་ཚོས་རྒྱ་གཞུང་དང་ལྷན་དུ་གླེང་སློང་བྱུང་བའི་གནད་དོན་དག་ལ་རྒྱ་ཕྱོགས་ཀྱིས་བསྟན་པའི་རྣམ་འགྱུར་ལས་ང་ཚོས་གྲོས་བསྡུར་བྱེད་བཞིན་པ་ནི་བོད་ཀྱི་གནད་དོན་ཡིན་པ་གསལ་བོ་ཤེས་ཐུབ། ང་ཚོ་རྒྱ་གཞུང་དང་ལྷན་དུ་མུ་མཐུད་འབྲེལ་མོལ་བྱེད་འདོད་ཡོད་དམ་ཞེ་ན། ཡོད་ད་ཡོད། ཁོ་ཚོས་ཀྱང་ང་ཚོར་འབྲེལ་མོལ་གྱི་གལ་ཆེའི་རང་བཞིན་གཅིག་མིན་གཉིས་མིན་ངང་བསྐྱར་བརྗོད་བྱས་སོང༌། ང་ཚོས་རྒྱ་ནག་གི་གོ་གནས་རང་མཉམ་འགོ་ཁྲིད་ཚོར་ཕྱི་ལོ་༡༩༧༩ལོར་ཏིན་ཞའོ་ཕིན་གྱིས་གསར་འཛུགས་གནང་བའི་འབྲེལ་ལམ་འདི་ད་ལྟ་བར་དུ་རྒྱུན་གནས་བྱུང་བ་ནི་ྋགོང་ས་མཆོག་གི་སྐུ་དྲིན་ཡིན་ལུགས་འགྲེལ་བརྗོད་གསལ་བོ་བྱས་ཡོད། ང་ཚོས་ངོ་གནོང་ཅི་ཡང་མེད་པར་བརྗོད་འདོད་པ་ནི་ྋགོང་ས་མཆོག་དང་བཙན་བྱོལ་བོད་ཀྱི་འགོ་ཁྲིད་རྣམས་ཀྱིས་བོད་རྒྱའི་འབྲེལ་ལམ་ཡུན་གནས་ཡོང་དོན་དུ་ཐེངས་ཡོངས་ལ་འབད་བརྩོན་གནང་ཡོད་པ་རེད། བོད་རྒྱའི་འབྲེལ་མོལ་རྒྱུན་སྐྱོང་བྱེད་པར་ང་ཚོར་མོས་པ་དང་རེ་འདོད་ཡོད་ལ། དོན་དངོས་ཐོག་བོད་ཀྱི་གནད་དོན་གཙལ་སེལ་བྱེད་པའི་ཐབས་ལམ་ཉག་གཅིག་ནི་བཙན་བྱོལ་བོད་དང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་དབར་གྱི་ཐད་ཀའི་གྲོས་མོལ་རེད། གྲོས་མོལ་དེ་རྒྱུན་སྐྱོང་བར་ང་ཚོའི་ངོས་ནས་ཆོད་སེམས་བརྟན་པོ་ཡོད། འོན་ཀྱང་ང་དང་ངའི་ལས་རོགས་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་རྒྱའི་འབྲེལ་ཡོད་དཔོན་རིགས་ཚོར་གསལ་འདེབས་ནན་མོ་བྱས་ཡོད་དོན། གྲོས་མོལ་མུ་མཐུད་རྒྱུན་སྐྱོང་ཡོང་དགོས་ན་དེ་དང་འབྲེལ་བའི་ཡར་རྒྱས་ཤིག་ཀྱང་དགོས་པ་རེད། བོད་རྒྱའི་དཀའ་རྙོག་དེ་རྙོག་འཛིང་ཆེ་ལ་ལས་སླ་པོ་ཞིག་མ་རེད། དཀའ་རྙོག་དེའི་རིགས་མཚན་གཅིག་ལ་སེལ་ཐབས་མེད་པར་དུས་ཡུན་ཆུ་ཚོད་ངེས་ཅན་མཁོ་བས། ང་ཚོ་ལ་ངེས་པར་དུ་ངང་རྒྱུད་རིང་པོ་ལྡན་དགོས་ཤིང༌། ང་ཚོ་ལ་ངང་རྒྱུད་རིང་པོ་དེ་འདྲ་ཡོད་པའང་གསལ་མཚོན་བྱས་ཡོད། འོན་ཀྱང་གྲོས་མོལ་རྒྱུན་སྐྱོང་དང་ཡུན་གནས་ཡོང་བར་དེ་ལ་ཕབ་པའི་ཡར་རྒྱས་དགོས་པ་རེད། དེ་བས་རྒྱ་གཞུང་གིས་ྋགོང་ས་མཆོག་ལ་ཁུངས་མེད་ཀྱི་མཚན་སྨད་ཞུ་བ་སོགས་པ་མཚམས་འཇོག་བྱེད་དགོས། ྋགོང་ས་མཆོག་གིས་དུས་རྒྱུན་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་དོན་བདེན་མཐའ་སེལ་ཐབས་ཐད་འབད་བརྩོན་གནང་གིན་ཡོད་པ་རེད། དེ་འདྲའི་ཆ་རྐྱེན་དང་རྒྱུས་ལོན་འོག་ང་ཚོ་ལ་གྲོས་མོལ་གྱི་བརྒྱུད་རིམ་རྒྱུན་སྐྱོང་ཡོང་བའི་རེ་འདོད་ཡོད་པ་གསལ་མཚོན་བྱས་ཡོད། ཅེས་ལན་ལྡོན་གནང་སོང༌།

ྋགོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་གིས་སྤེལ་བའི་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ནང་བཀོད་དོན། ༼བཙན་བྱོལ་བོད་གཞུང་དྲ་གནས་ནས་བཏུས༽།

སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ང་གཉིས་དང་མཉམ་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་དང་བུ་ཆུང་ཚེ་རིང་ལགས། བཀའ་ཡིག་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་འཇིགས་མེད་པ་སངས་ལགས་བཅས་ང་ཚོ་རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་དང་འབྲེལ་མོལ་ཐེངས་དགུ་པ་བྱེད་ཆེད་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༦ ནས་ ༣༡ བར་རྒྱ་ནག་ཏུ་བསྐྱོད་པ་ཡིན། ཐེངས་འདིའི་འབྲེལ་མོལ་ནི་འབྲེལ་མོལ་སྔ་མ་བསྐྱངས་ཏེ་དུས་ཡུན་ཟླ་གྲངས་ ༡༥ སོང་བའི་རྗེས་སུ་བྱུང་བ་ཞིག་རེད། ང་ཚོ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡ ཉིན་ཕྱིར་འཁོར་བྱུང་བ་དང༌། དེ་འཕྲལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་བཅས་ལ་རིམ་བཞིན་ཐེངས་འདིའི་འབྲེལ་མོལ་སྐོར་གནས་ཚུལ་སྙན་གསོལ་ཞུས་པ་ཡིན།

ང་ཚོས་པེ་ཅིང་དུ་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོཌ་འདུའི་གཙོ་འཛིན་གཞོན་པ་དང༌། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་ཏུའུ་ཆིང་ལིན་མཉམ་ཟུར་ཚོགས་དང༌། ཕྱི་ཚེས་ ༣༡ ཉིན་འཁྱོངས་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་འེ་ཆུན་དང་བློན་ཆེན་གཞོན་པ་སྲི་ཐར་ལྷན་གྲོས་བསྡུར་བྱས་ཤིང༌། སྐབས་དེ་དག་ཏུ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མིའི་ཚོགས་འདུའི་འགོ་འཛིན་གཞོན་པ་ཉི་མ་ཚེ་རིང་ཡང་མཉམ་ཞུགས་བྱས་ཡོད།

ང་ཚོ་ཐོག་མར་ཧུའི་ནན་ཞིང་ཆེན་གྱི་རྒྱལ་ས་ཁྲང་ཧྲར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་འབྱོར་བ་དང༌། དེར་ང་ཚོའི་ལས་དོན་ཞུ་སྒོ་ཁག་འགོ་འཛུགས་མ་ཞུས་གོང་དེ་སྔ་ཕྱི་ལོ་ ༢༠༠༨ ཟླ་ ༡༡ པར་འབྲེལ་མོལ་ཐེངས་བརྒྱད་པ་བསྐྱངས་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་དང་འབྲེལ་ཆགས་ཚིག་ཐོ་ཞིག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ལ་འབུལ་ལམ་ཞུས་ཤིང༌། ཚིག་ཐོ་དེའི་ནང་དོན་ཚན་བདུན་འཁོད་ཡོད་པ་དེ་དག་གིས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གི་འགོ་ཁྲིད་ཚན་ཁག་ནས་བཏོན་པའི་གཞི་རིམ་གྱི་གནད་དོན་ཁག་གི་ཐོག་གསལ་བཤད་དང་སྦྲགས།

ད་ཡོད་འབྲེལ་མོལ་གྱི་ལས་རིམ་འདི་དག་འབྱུང་འགྱུར་ལམ་ཕྱོགས་གང་འདྲ་ཞིག་ཏུ་བསྐྱོད་དགོས་བརྡ་སྟོན་བྱེད་པའི་སྒྲུབ་ཕྱོགས་ཀྱི་བསམ་འཆར་འགའ་ཤས་བཏོན་ཡོད། དོན་ཚན་བདུན་པོ་དེ་དག་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུལ་བདག་དབང་དང་ས་ཁུལ་གོང་བུ་གཅིག་གྱུར་ལ་བརྩི་སྲུང་བྱ་རྒྱུ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ། རྒྱུན་འཁྱོངས་བྱེད་དགོས་པ་གསུམ་ལ་བརྩི་སྲུང་ཞུ་རྒྱུ། རྒྱ་ནག་དབུས་གཞུང་གི་སྲིད་འཛིན་དབང་ཆ་དང༌། དེའི་རིམ་པ་བཅས་ལ་བརྩི་སྲུང་བྱ་རྒྱུ། རང་སྐྱོང་སྐོར་གྱི་བསམ་འཆར་ནང་གསལ་དབང་ཆ་དབྱེ་བགོས་དང་འབྲེལ་བའི་དམིགས་བཀར་དོན་གནད་གང་གི་ཐོག་རྒྱ་ནག་གཞུང་ལ་སེམས་འཚབ་ཡོད་ཁག གནད་དོན་སྙིང་པོ་ངོས་འཛིན་ཐུབ་པ་བྱ་རྒྱུ། དེ་བཞིན་གཉིས་སྨན་གྱི་ཐག་གཅོད་ཅིག་ཡོང་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མཐུན་འགྱུར་གནང་འདུན་ཡོད་སྐོར་སོགས་ཚུད་ཡོད། གོང་གསལ ཚིག་ཐོའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་གཞུང་གི་འགོ་ཁྲིད་མི་སྣ་གཞན་དག་ལ་སྒེར་གྱི་དགོས་འདུན་ཞུ་འཆར་གང་ཡང་མེད་པ་གསལ་སྟོན་བྱས་ཡོད། ྋགོང་ས་མཆོག་གི་ཐུགས་འཚབ་གནང་གཞི་ གཙོ་བོ་ ནི་བོད་རྒྱ་ཆེའི་མི་མང་གི་ཐོབ་ཐང་དང་བདེ་དོན་ཡིན། དེར་བརྟེན་ཐག་གཅོད་བྱེད་དགོས་པའི་གཞི་རིམ་གྱི་གནད་དོན་ནི་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་དོན་དམ་གྱི་རང་སྐྱོང་ལག་ལེན་དོན་འཁྱོལ་བྱེད་དགོས་པ་དེ་ཡིན་ཞིང༌། དེས་བོད་མི་ཚོར་སོ་སོའི་རྣམ་དཔྱོད་དང༌། དགོས་མཁོར་བསྟུན་ཏེ་རང་གིས་རང་ལ་འཛིན་སྐྱོང་བྱེད་ཐུབ་པ་ཞིག་ཡོང་རྒྱུ་རེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་གི་ངོ་ཚབ་གནང་སྟེ་བཀའ་མོལ་གནང་གི་ཡོད། ཁོང་དང་བོད་རྒྱ་ཆེའི་མི་མང་བར་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཅིག་ཡོད་པ་དེ་དག་ཡོངས་སུ་ཡིད་ཆེས་ལ་གཞི་རྟེན་བྱས་ཡོད་པ་ཡིན། ྋགོང་ས་མཆོག་གིས་བོད་མི་མང་གི་ཁྲིམས་མཐུན་གྱི་ངོ་ཚབ་མཚོན་ཐུབ་ཀྱི་ཡོད་པ་དེ་ནི་རྩོད་དུ་མེད་པའི་གནས་ཚུལ་ཞིག་ཡིན་ལ། བོད་མི་རྣམས་ཀྱིས་ཀྱང་ཁོང་ཉིད་བོད་རྒྱ་ཆེའི་མི་མང་གི་སྐུ་ཚབ་བམ། མགྲིན་ཚབ་པ་དངོས་དེ་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད། དེར་བརྟེན་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་མོལ་ཞུ་བའི་ཐབས་ཤེས་འདི་ཁོ་ན་མ་བརྟེན་མཐུ་མེད་ཡིན་པའི་དངོས་དོན་འདི་ངོས་འཛིན་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན།

ད་རེས་ ང་ཚོས་དོན་ཚན་འདི་ནན་བཤད་བྱས་པ་སྟེ། ྋགོང་ས་མཆོག་གིས་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་བསྐྱེད་བཞེས་གནང་བ་ནི་གང་ཉིད་ྋསྐུ་སྒེར་གྱི་ཐོབ་ཐང་དང༌། ཆབ་སྲིད་ཀྱི་གོ་གནས་རྩོད་ཆེད་དམ། ཡང་ན་བཙན་བྱོལ་བོད་གཞུང་གི་ཁེ་ཕན་རྩོད་རྒྱུའི་ཐབས་ཤེས་བྱས་པ་ཞིག་མིན་པ་དེ་ཡིན། དེ་བཞིན་ རྒྱ་ནག་གཞུང་གི་ཕྱོགས་ནས་ྋགོང་ས་མཆོག་ལ་ཁ་བྲལ་བ་ཞེས་མཚན་འདོགས་ཞུ་རྒྱུས་མཚོན་གཞི་མེད་ཁུངས་བྲལ་གྱི་སྐྱོན་བརྗོད་ཞུ་རྒྱུ་མཚམས་འཇོག་བྱེད་དགོས་པ་དང༌། བོད་ཀྱི་དཀའ་རྙོག་ཐད་ རང་སྐྱོང་སྐོར་གྱི་ བསམ་འཆར་གཞིར་བཟུང་གཉིས་མོས་ཀྱི་འགྲིགས་ཐབས་ཤིག་འཚོལ་སླད་ཁོང་དང་མཉམ་ལས་གནང་དགོས་པའི་རེ་སྐུལ་ཞུས་པ་ཡིན། འདིས་བརྟན་ལྷིང་དང༌། ཆིག་བསྒྲིལ། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་བཅས་འགན་སྲུང་བྱེད་ཐུབ་པ་ཡོང་རྒྱུ་ཡིན།

རྒྱ་ནག་གཞུང་གི་ཕྱོགས་ནས་ཁོང་ཚོའི་ལངས་ཕྱོགས་གསལ་སྟོན་ཆེད་ བྱབྱབྱེད་མི་རུང་བ་བཞི་བྱབྱ ཞེས་པ་ཞིག་བཏོན་པར་མ་ཟད། བོད་དང་འབྲེལ་ཡོད་ཉེ་ལམ་གྱི་འགྱུར་འགྲོས་སྤྱི་དང༌། ལྷག་པར་གལ་ཆེའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་སྐོར་ཞིབ་ཕྲའི་འགྲེལ་བཤད་གནང་སྐབས་བཞུགས་མོལ་ཚོགས་འདུས་བོད་རང་སྐྱོང་ལྗོངས་ཟེར་བ་དང༌། བོད་རིགས་ས་ཁུལ་གཞན་དག་ཏུ་ཡོད་པའི་བོད་མིའི་འཚོ་ཐབས་སྤྱི་དང༌། ལྷག་པར་ཤེས་ཡོན་དང༌། སྨན་བཅོས་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་མང་ཚོགས་ཀྱི་ཞབས་ཞུའི་ལས་རིགས་ཁག་ཡར་རྒྱས་གཏོང་རྒྱུའི་ཐག་གཅོད་བྱུང་སྐོར་བརྗོད་བྱུང༌། ང་ཚོས་བཞུགས་མོལ་ཚོགས་འདུའི་སྐོར་ཐོག་མའི་གནས་ཚུལ་ཐོས་པར་གཞིགས་ནས་བོད་མི་སྤྱི་དང༌། ལྷག་པར་གྲོང་གསེབ་ཁུལ་གྱི་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་གནད་དོན་བཀའ་བསྡུར་བྱུང་ཡོད་པ་དེར་དགའ་བསུ་ཞུས་པ་ཡིན། དོན་དངོས་ཐོག་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་རང་སྐྱོངས་ལྗོངས་དང༌། བོད་རིགས་ས་ཁུལ་གཞན་དག་བཅས་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པའི་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་རྒྱུའི་གནད་དོན་སྐོར་བསམ་ཞིབ་གྲོས་བསྡུར་བྱས་ཡོད་པར་དགའ་བསུ་ཞུ་རྒྱུ་དང༌། བོད་ཀྱི་ས་ཁུལ་ཡོངས་རྫོགས་ངེས་པར་དུ་འཛིན་སྐྱོང་གོང་བུ་གཅིག་གི་འོག་བཅུག་སྟེ་དེ་དག་ཐོག་གཅིག་གྱུར་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་དགོས་པ་དེར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། གལ་སྲིད་ཆབ་སྲིད་ཀྱི་འབོད་ཚིག་ཁག་དོར་ཚེ། བཞུགས་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་བྱུང་བའི་གནད་དོན་གལ་ཆེ་མང་པོ་ཞིག་ང་ཚོས་རང་སྐྱོང་གི་བསམ་འཆར་ནང་གསལ་སྟོན་བྱས་པའི་གཞི་རྩའི་བོད་མི་མང་གི་དགོས་མཁོ་ཁག་དང་གཅིག་མཚུངས་ཡིན་འདུག

ཕྱོགས་གཉིས་བར་གྱི་འགལ་ཟླ་ཆེ་གྲས་ཤིག་ནི་ད་ལྟའི་བོད་ནང་གི་གནས་སྟངས་ཐད་ལྟ་ཚུལ་མི་མཐུན་པ་ཡོང་གི་ཡོད་པ་དེ་ཡིན། དེར་བརྟེན་དངོས་ཡོད་ཀྱི་གནས་སྟངས་ཐད་ཐུན་མོང་གི་ཤེས་རྟོགས་ཤིག་ཡོང་ཆེད་ང་ཚོས་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ཐོག་ནས་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད་ས་གནས་ས་ཐོག་གི་གནས་སྟངས་ལ་བལྟ་ཞིབ་བྱེད་དགོས་པའི་བསམ་ཚུལ་བཏོན་པ་ཡིན། འདིས་ཕྱོགས་ཕན་ཚུན་གཉིས་ཀར་རང་རང་གི་རྩོད་གཞི་ལས་བརྒལ་ཏེ་འགྲོ་ཐུབ་པའི་ཕན་གྲོགས་བྱ་རྒྱུ་ཡིན།

ཡོང་རྒྱུའི་ཉིན་ཟླའི་ནང་ང་ཚོས་རྒྱ་ནག་གཞུང་གིས་གླེང་སློང་བྱས་པའི་གནད་དོན་སྤྱི་དང༌། ལྷག་པར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག དེ་བཞིན་ བྱབྱབྱེད་མི་རུང་བ་བཞི་བྱབྱ བཅས་ལ་སློབ་སྦྱོང་བྱ་རྒྱུ་ཡིན། ཚོགས་གྲོས་སྐབས་ནན་ཞུ་བྱས་པ་ལྟར། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱིས་ཀྱང་ང་ཚོས་གླེང་སློང་བྱས་པའི་གནད་དོན་ཁག་གི་ཐོག་བསམ་ཞིབ་ནན་ཏན་གནང་བའི་རེ་བ་ལྷག་བསམ་རྣམ་དག་གིས་བྱེད་ཀྱི་ཡོད།

ྋགོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་མ་འོངས་པའི་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུའི་བཞེངས་ཕྱོགས་གསལ་སྟོན་གནང་ཡོད་པར་བརྟེན། རྒྱ་ནག་གི་དབུ་ཁྲིད་རྣམས་ལ་ཆབ་སྲིད་ཀྱི་ཆོད་སེམས་ཡོད་ཚེ། གནད་དོན་འདི་དག་ཐོག་ཐུན་མོང་གི་གཞི་རྟེན་ཞིག་འཚོལ་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་པར་ང་ཚོས་མཐོང་གི་ཡོད། འདིར་བསྐྱར་ནན་བརྗོད་རྒྱུ་ཞིག་ལ། ྋགོང་ས་མཆོག་གིས་བོད་མི་རིགས་ཚོར་བློ་སྤོབས་དང་ཆེ་མཐོངས་བཅས་སླར་གསོ་ཐུབ་པ་དང༌། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ཆིག་བསྒྲིལ་འགན་སྲུང་བྱེད་ཐུབ་པའི་ཆེད་དུ་རྒྱ་ནག་དབུས་གཞུང་དང་མཉམ་དུ་མུ་མཐུད་དེ་ཕྱག་ལས་གནང་རྒྱུའི་ཐུགས་འདུན་རྒྱུན་བཅངས་གནང་གི་ཡོད།

ཐེངས་འདིའི་ང་ཚོའི་མགྲོན་བདག་ཧུའེ་ནན་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང༌། པེ་ཅིང་འཐབ་ཕྱོགས་གཅིག་གྱུར་ལས་ཁང༌། དེ་བཞིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་བཅས་ཀྱིས་ང་ཚོར་སྐབས་བསྟུན་སྣེ་ལེན་མཐུན་འགྱུར་དམ་ཟབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

རྡ་རམ་ས་ལ་ནས་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༢ ལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།