བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱུང་བར་དགའ་བསུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༡ཉིན། ཕི་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་གནས་ཚུལ་སྡེ་ཚན་གྱི་ཚོགས་མི་རྣམས་ཀྱིས་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཟླ་སྔོན་མའི་ཚེས་༢༦ཉིན་རྒྱ་ནག་ཏུ་འབྱོར་ཏེ་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་འགོ་བརྩམས་ཡོད་པའི་གནས་ཚུལ་ལ་དགའ་བསུ་ཞུས་ཡོད་འདུག

ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་ལ་མ་ཕེབས་པའི་ཡར་སྔོན་དུ། བཙན་བྱོལ་བོད་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་བཞུགས་སྒར་དྷ་སར་བོད་རྒྱ་འབྲེལ་མོལ་སྐོར་ལ་ཉིན་གཉིས་རིང་གི་ཚོགས་འདུ་བསྐྱངས་ཡོད་ཁར། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་མདུན་ནས་བཀའ་སློབ་ལམ་སྟོན་ཡང་ཞུས་ཡོད་འདུག

ཟླ་སྔོན་མའི་ཚེས་༣༠ཉིན། ཕི་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་གནས་ཚུལ་སྡེ་ཚན་གྱི་ཚོགས་གཙོ་ཧའམ་བྷིར་ཌི་ལགས་ཀྱིས་གསལ་ཁྱབ་ཅིག་སྤེལ་ཡོད་པའི་ནང་བསྟན་དོན། ཕི་རན་སི་མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་སོན་ཏེ་བོད་རྒྱའི་དཀའ་རྙོག་ཞི་མོལ་གྱི་ལམ་ནས་སེལ་བར་མུ་མཐུད་དུ་དོ་ཁུར་དང་རེ་བལྟས་བྱེད་ཀྱིན་ཡོད། ཅེས་དང༌། ཕྱི་ལོ་༢༠༠༨ལོའི་རྒྱ་བོད་འབྲེལ་མོལ་ཐེངས་༨པའི་སྟེང་བོད་ཀྱི་སྐུ་ཚབ་རྣམ་པས་རྒྱ་གཞུང་ལ་བཏོན་པའི་༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ༽་དེ་འབྲེལ་མོལ་གྱི་རྨང་དུ་འདིང་དགོས་འོས། ཞེས་བརྗོད་ཡོད་འདུག

དེ་ཡང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་འདི་རྒྱ་གཞུང་གི་ཆེས་མཐོའི་དཔོན་རིགས་དག་གིས་བོད་ལྗོངས་ལས་དོན་ཐད་ཀྱི་བཞུགས་མོལ་ཚོགས་ཐེངས་ལྔ་པ་ཟེར་དེ་ཉེ་ཆར་བསྡུས་ཚར་མ་ཐག་ཚོགས་ཡོད་པ་དང༌། རྒྱ་གཞུང་གི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བས་གཙོས་པའི་བོད་ས་ཁུལ་གཞན་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་དཔལ་འབྱོར་གྱི་གནས་བབས་སྔར་ལས་ལྷག་པའི་སྒོ་ནས་གོང་འཕེལ་གཏོང་རབ་སྐོར་གོ་བསྡུར་བྱས་ཡོད་འདུག

གཞན་ཡང་ཟླ་སྔོན་མའི་ཚེས་༢༨ཉིན། ཡོ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་འགན་འཛིན་མཱ་རེའོ་སེ་ཕིས་ལགས་ཀྱིས་བོད་རྒྱ་བོད་འབྲེལ་མོལ་བསྐྱར་མཐུད་བྱུང་བར་དགའ་བསུ་དང་རྒྱབ་སྐྱོར་ཞུས་ཡོད་དོན ། ལྷན་ཁང་འདིའི་འགན་འཛིན་ཡིན་པའི་ངོས་ནས། ང་རང་བོད་རྒྱའི་དབར་གྱི་འབྲེལ་མོལ་དེ་སླར་གསོ་བྱུང་པར་དངོས་གནས་དགའ་སྤྲོ་སྐྱེས་བྱུང༌། དེ་མ་ཟད་ཐེངས་འདིའི་འབྲེལ་མོལ་ཐོག་བོད་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཀའ་ངལ། དེ་བཞིན་ཡོ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཁང་གི་སྐུ་ཚབ་ཚོགས་ཆུང་གིས་སྔར་ལོའི་ཕྱི་ཟླ་༩པའི་ནང་བོད་རང་སྐྱོང་ལྗོངས་ནང་དུ་དངོས་ཐོག་བདེན་འཚོལ་གྱི་གཟིགས་སྐོར་གནང་སྐབས་མཐོང་ཐོས་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་སྟངས་ཁག་གཙོ་གླེང་ཡིན་པར་དགའ་བོ་བྱུང༌།  ཞེས་བརྗོད་ཡོད་འདུག

ཁོང་གིས་མུ་མཐུད་དུ་བོད་ནང་གི་གྲོང་དང་གྲོང་ཁྱེར་དབར་གྱི་དཔལ་འབྱོར་གནས་བབས་ལ་ཁྱད་བག་ཆེ་ཞིང༌། དཔལ་འབྱོར་དང་མཐུན་རྐྱེན་ཞན་པའི་གྲོང་གསེབ་ཁག་བོད་མི་འདུས་བསྡོད་བྱ་ཡུལ་ཆགས་ཡོད་ལུགས། དེ་བཞིན་བོད་ནང་དུ་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་དཔལ་ཡོན་གྱི་ཡར་རྒྱས་དངོས་བསྐྲུན་པར། སྤྱི་ཚོགས་ལས་རིགས་དང་མིའི་ཐོན་ལས་ནང་བོད་མི་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་ནི་གནད་འགག་ཡིན་ལུགས་བརྗོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།