བོད་རྒྱ་འབྲེལ་མོལ་ལ་ནུབ་ཕྱོགས་རྒྱལ་ཁབ་གསུམ་གྱིས་དགའ་བསུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༦ཉིན། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་ཐེངས་དགུ་པའི་གྲོས་མོལ་འདིའི་ཐོག་ནས། ཨ་རི་དང་ཁེ་ན་ཌ་དེ་བཞིན་དབྱིན་ཇིའི་རྒྱལ་ཁབ་བཅས་ཀྱིས་བོད་མི་རྣམས་ལ་དོན་དང་ལྡན་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཐད། བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་འདུག

རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་འཛིན་སྐྱོང་ངོས་ནས། ཐེངས་འདིར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གི་འགོ་ཁྲིད་དབར། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཐེངས་༩པའི་བོད་རྒྱ་ཞི་མོལ་དེ་ལ་མ་འོངས་བཟང་ཕྱོགས་ཀྱི་གྲུབ་འབྲས་ངེས་ཅན་ཞིག་ཐོན་རྒྱུའི་རེ་བ་དང༌། དེ་བཞིན་ལྷན་འཛོམས་གྲོས་མོལ་འདིའི་ཐོག་ནས་བཟང་ཕྱོགས་ཀྱི་གྲུབ་འབྲས་དང་དེ་བཞིན་ཕྱི་འབྲེལ་གྱི་གནད་དོན་ཐོག་ནས། མ་འོངས་པའི་གྲོས་སྡུར་ལ་ཡང་གཞི་རྩའི་རྨང་གཞི་ལེགས་པོ་ཞིག་སྐྲུན་ཡོད་པའི་ངེས་འཛིན་བྱེད་བཞིན་ཡོད་ལུགས། ཨ་རིའི་མང་ཚོགས་གནད་དོན་དྲུང་ཆེའི་ཕྱགས་རོགས་སྐུ་ཞབས་པི་ཇི་ཁུ་རོའོ་ལིད་མཆོག་གི་གཏམ་བཤད་སྤེལ་ཡོད་འདུག

ཡང་ཁོང་གིས་ཨ་རིའི་གཞུང་ངོས་ནས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམས་དེ་རིང་རྒྱ་ནག་ཏུ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་ལྷན་དུ། ཐེངས་༩པའི་བོད་རྒྱ་ཞི་མོལ་བྱེད་པར་ཕེབས་ཡོད་པ་དེ་ནི་དགའ་འོས་པ་ཞིག་དང༌། ཨ་རིས་རྒྱུན་དུ་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་འདུག

དེ་བཞིན་རེས་གཟའ་ཟླ་བ་ཉིན་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་སྲིད་བློན་གཞོན་པ་ཨི་ཝིན་ལིའེ་སི་མཆོག་གིས་ཀྱང༌། བོད་རྒྱ་འབྲེལ་མོལ་སླར་གསོ་བྱུང་བ་དེར་དགའ་བསུ་དང༌། ཁོང་གིས་བོད་ལ་དོན་སྙིང་ལྡན་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཤིག་འཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག་ལ། ཁོང་ནི་ན་ནིང་སྤྱི་ཟླ་༩པའི་ནང་དབྱིན་ཇི་གཞུང་འབྲེལ་གྱིས་བོད་ནང་ལྟ་སྐོར་བསྐྱོད་མཁན་དེ་ཡང་ཡིན་འདུག ཡང་ཁོང་གིས་ཕྱོགས་གཉིས་ཀ་ནས་བདེན་དོན་གྱི་ཐོག་ནས་བོད་ལ་དོན་སྙིང་ལྡན་པའི་རང་སྲིད་རང་སྐྱོང་ཞིག་ཡོང་བ་བྱེད་དགོས་པ་རེད། དེ་བཞིན་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་ཞི་མོལ་བྱེད་དགོས་པ་དེ་ནི། བོད་ནང་གི་དཀའ་ངལ་དེ་ཞི་བའི་ལམ་ནས་སེལ་ཐུབ་པ་ཞིག་ཡིན་པ། ངོས་རང་ན་ནིང་བོད་དང་པེ་ཅིང་སོགས་སུ་གཟིགས་སྐོར་དུ་ཕྱིན་སྐབས་ཤེས་རྟོགས་གསལ་པོ་བྱུང་སོང་ཅེས་ཟེར།

མ་ཚད་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལའོ་རིན་སི་ཁེན་ནོ་མཆོག་གིས་ཀྱང༌། རེས་གཟའ་མིག་དམར་ཉིན་ཉེའི་ཟླ་བ་༡༥ཚུན་ཐེངས་དང་པོའི་བོད་རྒྱ་འབྲེལ་མོལ་ལ་དགའ་བསུའི་དང༌། ཁེ་ན་ཌའི་གཞུང་ངོས་ནས་རྒྱུན་དུ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྱི་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་པ་རེད། ངས་ཕྱོགས་གཉིས་ཀ་ནས་ཐེངས་འདིའི་གྲོས་མོལ་སྐབས། དོན་སྙིང་ལྡན་པའི་ཐོག་ནས་དཀའ་ངལ་སེལ་རྒྱུ་དང༌། ཕྱོགས་གཉིས་ཀ་ནས་ངོས་ལེན་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་ཅེས་དང༌། ཁེ་ན་ཌའི་གཞུང་གིས་རྒྱུན་དུ་བོད་ནང་གི་བོད་མི་རྣམས་ལ་གལ་ཆེན་གྱི་དགོས་མཁོ་དང་ཐོབ་ཐང་སྟེ། ཁོང་ཚོའི་བྱེད་ནུས་འགུལ་སྤྱོད་ཀྱི་རང་དབང་དང༌། སྨྲ་བརྗོད་རང་དབང༌། འདུ་འཛོམས་རང་དབང༌། དེ་བཞིན་ཆོས་དད་རང་དབང་དང་ཞི་རྒོལ་གྱི་རང་དབང་བཅས་གལ་ཆེན་ཞིག་ཏུ་མཐོང་གི་ཡོད་པ་རེད་ཅེས་གསུངས་ཡོད་འདུག

འདི་ཟླའི་ཚེས་༢༣ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཞིག་གིས། སྲིད་འཛིན་ཨོ་བྷ་མས་འདི་ལོར་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུར་གཏན་འཁེལ་བྱས་ཡོད་པ་དེར་རྒྱ་ནག་པེ་ཅིང་གཞུང་ལ་བརྡ་ལན་ཕུལ་ཟིན་པ་ཞིག་རེད་ཅེས་དང༌། ཡང་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་མིད་ཁི་ཧམ་མར་གྱིས། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུའི་འདུན་པ་ཆེན་པོ་ཡོད་ལུགས་རྒྱ་ནག་གཞུང་ལ་སྔ་མོ་ནས་གསལ་པོ་བཟོས་ཟིན་པ་རེད་ཅེས་དང་། ཨ་བྷ་མས་༧གོང་ས་མཆོག་དང་འཇལ་འཕྲད་ཞུ་རྒྱུ་དེ་ནི་ཁོང་གི་འདུན་པ་ཆེ་ཤོས་དེ་རེད་ཅེས་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།