རྒྱ་ནག་གིས་དྲ་རྒྱ་སྟངས་འཛིན་གྱི་འགོག་སྲུང་ཤུགས་ཇེ་ཆེར་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༦ཉིན། གྷལ་གྷལ་དྲ་ཚིགས་ནི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་རྩོད་རྙོག་ཅན་ཞིག་དང༌། ཉེན་ཁ་རང་བཞིན་དེ་རྩོད་གླེང་ཇེ་ཆེར་འགྲོ་བཞིན་ཡོད་པ་དེ་ཆབས་ཅིག རེས་གཟའ་ཟླ་བ་ཉིན་རྒྱ་ནག་གཞུང་གིས་ཀྱང་ཨ་རིས་དྲ་རྒྱ་ཞིབ་བཤེར་གྱི་གནད་དོན་ཐད་སྐྱོན་བརྗོད་ལ་ཁ་གཏད་ཀྱིས དྲ་རྒྱ་འགོག་སྲུང་གསར་འཛུགས་སོགས་རྒོལ་ལན་གཞི་རྒྱ་ཆེ་བ་ཞིག་སྤེལ་བཞིན་ཡོད་འདུག

སྤྱིར་གྷལ་གྷལ་གྱི་རྩོད་གླེང་དེ་ནི་ཨ་རི་ནས་ཕྱིར་ཡོང་བ་ཞིག་ཡིན་ཡང༌། རྒྱ་ནག་གཞུང་གིས་དེ་ལ་རྒོལ་ལན་དང་ད་དུང་ཨ་རིའི་གཞུང་གིས་དྲ་རྒྱ་བེད་སྤྱོད་ཀྱི་ལམ་ནས་དབྱི་རན་དུ་ཉེན་ཚབ་ཆེ་བའི་གནས་ཚུལ་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལུགས་ཀྱིས་ཉེས་འཛུགས་ཀྱང་བྱེད་བཞིན་ཡོད་འདུག མ་ཚད་ཨ་རི་དང་རྒྱ་ནག་དབར་གྱི་རྩོད་གླེང་དེ་ནི་གནད་དོན་དེ་ནི་གྷལ་གྷལ་གྱི་གནད་དོན་ཙམ་མ་ཟད་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང༌། དེ་བཞིན་ཐའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བཅས་ཀྱི་གནད་དོན་ཐད་ནས་ཀྱང་ཕན་ཚུན་འགལ་བ་ཤོར་ཡོད་པ་རེད་འདུག

དྲ་རྒྱའི་གནད་དོན་ཐད་ཨ་རྒྱ་གཉིས་དབར་འཁོན་འཛིན་ཞིག་ཡོད་མོད་ཀྱང༌། ཕྱོགས་གཉིས་ཀ་ནས་དེང་སྐབས་མཉམ་འབྲེལ་དངུལ་རྩ་དང་ཕྱི་འབྲེལ་སྲིད་ཇུས་ཀྱི་འབྲེལ་ལམ་ཐོག་སེམས་ཁྲལ་དང༌། གོང་གི་གནད་དོན་དེ་རེ་ཞིག་ཞེ་འཇམ་དུ་འགྲོ་རྒྱུའི་རེ་བ་ཡང་ཡོད་འདུག

བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལ་རུ་ཁེ་ལིང་ཊོན་གྱིས་རྒྱ་ནག་དང་གཞན་ཡང་སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་ཚོས་དྲ་རྒྱའི་ཞིབ་བཤེར་གནད་དོན་དང་། དེ་བཞིན་རྒྱ་ནག་པེ་ཅིང་གཞུང་ནས་རྣོ་ངར་ཅན་གྱི་ཁ་རྡུང་དེ་ལ་རྒོལ་ལན་དང་ནན་བཤད་བྱས་ཡོད་འདུག

དེ་རྗེས་རྒྱ་ནག་གཞུང་གི་ཆེས་མཐོའི་གནས་ཚུལ་མཁོ་གཏོང་ལས་ཁུངས་ཀྱི་འགྲིན་ཚབ་ཞིག་གིས་༼བཀག་འགོག་བྱས་ཡོད་པའི་དྲ་ཚིགས་དེ་དག་བེད་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཅིག་སྒྲིལ་ལ་གཏོར་བཤིག་དང༌། མི་རིགས་དབར་གྱི་སྡང་འཛིན་ལ་རྒྱུད་སྐུལ། དེ་བཞིན་ཁ་བྲལ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་པ་ནི། འཆལ་སྤྱོད་ཀྱི་རྣམ་འགྱུར་དང་འབྲེལ་བའི་འཚེ་བ་ཅན་ནམ། འཇིག་སྐུལ་དྲག་སྤྱོད་པ་ཞིག་རེད་༽ཅེས་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་འགྲེལ་བརྗོད་དེ་དག་ནི་ཨ་རིའི་གཞུང་ལ་དམིགས་འབེན་བཟུང་ནས་རེས་གཟའ་ཟླ་བ་ཉིན་གཞུང་འབྲེལ་གྱི་གསར་ཤོག་ཤིག་གི་ཐོག་གནས་ཚུལ་སྤེལ་ཡོད་འདུག

ཚོང་འབྲེལ་གྱི་གནད་དོན་དང་ཏཱ་ལའི་བླ་མ། དེ་བཞིན་ཨ་རིས་ཐའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བཅས་ནི་ང་ཚོས་འདི་ལོ་དཀའ་རྙོག་ཆེ་ཤོས་ཞིག་ཏུ་མཐོང་གི་འདུག་ཅེས་པེ་ཅིང་མི་རིགས་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་མཁས་དབང་ཅིན་ཁན་རོང་གིས་འགྲེལ་བརྗོད་བྱས་ཡོད་འདུག

དྲ་རྒྱ་ཞིབ་བཤེར་གྱི་གནད་དོན་དང་གྷལ་གྷལ་བཀག་འགོག་རྩོད་རྙོག་དེའི་དབང་གི་ཨ་རྒྱ་དབར་མཉམ་འབྲེལ་བྱ་རྒྱུར་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ཀྱང༌། ད་ལྟའི་ཆར་གཞི་རྩའི་མཉམ་འབྲེལ་དང་དཔལ་འབྱོར། ཕྱི་འབྲེལ་སྐོར་འགྱུར་བ་གང་ཡང་ཕྱིན་མེད་པ་རེད། འོན་ཀྱང་གོང་གསལ་གནད་དོན་དེ་དག་རེའི་རེའི་ཐོག་ཉིན་རེ་ནས་ཉིན་རེ་དཀའ་ཉེན་ཅན་ཞིག་ཆགས་བཞིན་ཡོད་པ་རེད།  

ཟླ་རྗེས་མར་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་དང༌། རྒྱ་ནག་པེ་ཅིང་གཞུང་གིས་ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་དང་སྲིད་དབང་སྒེར་འཛིན་རྩོད་མཁན་གྱི་ཉེན་ཁ་ཅན་ཞིག་ཡིན་ལུགས་དང༌། དེ་ལྟ་བུའི་ཐུགས་འཕྲད་དེ་ནི་རྒྱ་ཁབ་ཕན་ཚུན་དབར་ཁོང་ཁྲོ་སློང་བའི་གཞི་ཡིན་ཚུལ་ཡང་བཤད་དང་བསྐྱར་བཤད་བྱེད་བཞིན་ཡོད་འདུག་ཀྱང༌། ཨ་རིའི་གཞུང་གིས་དེ་ལས་ལྡོག་ཏེ་རྒྱ་ནག་སྐམ་ས་ཆེན་མོ་སྲིད་དབང་སྒེར་འཛིན་རིང་ལུགས་ཀྱིས་ལོག་སྤྱོད་ཀྱི་མངའ་སྡེ་ཞིག་ཏུ་འདོད་པའི་ཐེའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་ཡང་བྱས་ཡོད་པ་རེད། 

རྒྱ་ནག་གི་ཆེས་མཐོའི་གནས་ཚུལ་མཁོ་གཏོང་ལས་ཁུངས་ཞེས་པ་དེ་ནི་ཁ་ཐུག་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོའི་སྟངས་འཛིན་འོག་ཡོད་པའི་རྫུན་བཟོ་དྲིལ་བསྒྲགས་ཀྱི་ལག་ཆ་གཙོ་བོ་ཞིག་དང༌། དེ་བཞིན་རྒྱ་ནག་གི་གསར་ཁང་ཁག་ཅིག་དྲ་རྒྱའི་སྲིད་ཇུས་ཀྱི་རྒྱབ་ཏུ་ཡོད་པ་དེའི་གྲས་ཡང་ཡིན་འདུག

རྒྱུན་དུ་རྒྱ་ནག་གཞུང་གིས་བོད་ནང་དུ་སྲིད་དབང་སྒེར་འཛིན་གྱིས་བོད་མི་སུ་ཞིག་གིས་གཞུང་དང་ལྟ་བ་མི་མཐུན་པའི་ཐོག་ནས་དྲ་རྒྱ་བེད་སྤྱོད་ཐོག་རྒྱ་ནག་དམར་ཤོགས་ཚོགས་པ་སྲིད་དབང་སྒེར་འཛིན་རིང་ལུགས་ལ་རྩོད་ལེན་བྱས་ཚེ། ལང་སེང་བཙོན་འཇུག་བྱེད་ཀྱི་ཡོད་པ་དང༌། ན་ནིང་རྒྱ་ནག་གཞུང་གིས་གྲགས་ཅན་གྱི་རྩོམ་པ་པོ་ལུའུ་ཞོའོ་ཕུང་ལ། སྲིད་གཞུང་མགོ་འཇུག་སློག་རྒྱུའི་སྐུལ་སློང་གི་རྩོམ་ཡིག་དྲ་རྒྱ་ཐོག་ཕྱི་ཕྱོགས་སུ་འགྲེམས་སྤེལ་བྱས་པའི་ཉེས་འཛུགས་འོག་ལོ་༡༡བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།

རེས་གཟའ་ཟླ་བ་ཉིན་མི་མང་ཉིན་རེའི་གསར་ཤོག་ཐོག་རྒྱ་ནག་དམར་ཤོགས་ཚོགས་པས། ཨ་རིའི་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་སྟེ། དཔེར་ན། ཁྲུའེ་ཁྲེར་དང་ཡུའུ་ཁྲུའུ་བྷུ་སོགས་བཀོལ་སྤྱོད་ཀྱིས་དབྱི་རན་དུ་ཞི་བདེ་ལྷིང་འཇགས་མེད་པའི་གྱོད་རྩ་སློང་གི་འདུག་ཅེས་ཉེས་འཛུགས་ཟུར་ཙམ་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དྲ་ཚིགས་ཁག་དཔེར་ན། ཡུའུ་ཁྲུའུ་བྷུ། YouTube དང་ཁྲུའེ་ཁྲེར་ Twitter དེ་བཞིན་པི་སེའེ་བྷུའུ་ཁི་ Facebook སོགས་སུ་པར་རིས་དང་གནས་ཚུལ་ཁག་རྒྱ་ནག་མི་མང་ཚོས་མཐོང་མི་ཐུབ་པ་བཟོས་ཡོད་འདུག

དེ་སྔོན་གྷལ་གྷལ་དྲ་ཚིགས་ཀྱིས་རྒྱ་ནག་གཞུང་ནི་དྲ་རྒྱ་བཀག་འགོག་དང༌། བཙན་འཛུལ། ནད་འབུ་སོགས་དྲ་ཐོག་དམག་འཁྲུག་གི་རྒྱབ་ཏུ་ངན་ཇུས་བཤམས་མཁན་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་དེར། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་རྒྱ་ནག་གི་བརྡ་འཕྲིན་བཟོ་ལས་བློན་ཆེན་གྱིས་གོང་གསལ་འགྲེལ་བརྗོད་དེར་ངོས་ལེན་མི་བྱེད་པའི་བསམ་ཚུལ་སྟོན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།