ཉི་ཧོང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་དང་འབྲེལ་བའི་གསོལ་འདེབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༥ཉིན། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་བོད་གཞུང་མང་གཉིས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཟབ་རྒྱས་ཤིག་འབུལ་བའི་ཉི་མོ་དེ་དང་བསྟུན། ཉི་ཧོང་དུ་ཡང་བོད་མི་དང་ཉི་ཧོང་བ་ཁྱོན་མི་གྲངས་༤༠ལྷག་ཙམ་ཞིག་ཉི་ཧོང་གི་རྒྱལ་ས་ཁྲོ་ཡོབ་ཏུ་ཡོད་པའི་གྷོ་ཁོའོ་ཁུའུ་ཇིས་ཞེས་པའི་ནང་པའི་དགོན་པ་སྐད་གྲགས་ཅན་ཞིག་ཡོད་པ་དེའི་ནང་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་རྡོ་རྗེ་བརྟན་པའི་གསོལ་འདེབས་སྨོན་ལམ་བྱས་ཡོད་འདུག

 གསོལ་འདེབས་སྨོན་ལམ་དེ་གོ་སྒྲིག་ཞུ་མཁན་ནི་ཉི་ཧོང་དུ་ཡོད་པའི་བོད་མིའི་ཚོགས་སྡེ་ནས་ཡིན་འདུག་ལ། ཆེད་མངགས་ཀྱི་བཞུགས་སྒར་དྷ་རམ་ས་ལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མགོན་པོ་གང་ཉིད་ལ་བརྟན་བཞུགས་འདེབས་འབུལ་ཞུ་བཞིན་ཡོད་པ་དེ་དང་དུས་བསྟུན་པ་ཞིག་རེད་འདུག

དེ་རྗེས་ཉིང་ཧོང་དུ་ཡོད་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་ཁོ་ལགས་ཀྱིས་དེར་འདུས་ཀྱི་མི་རྣམས་ལ་འཚམས་འདྲི་དང་། འདི་འདྲའི་མཛད་སྒོ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་དང་། དེ་བཞིན་ང་ཚོས་ཉེ་སྔོན་ཧི་ཊིས་སུ་ས་ཡོན་གྱི་རྐྱེན་པས་མི་སྐྱོན་ཤི་རྨས་ཚབ་ཆེན་བྱུང་ཡོད་པ་དེར། གནོད་འཚེ་ཕོག་ཡུལ་གྱི་མི་རྣམས་སྔ་བཞིན་རྒྱུན་ལྡན་གྱི་འཚོ་བར་ལ་རོལ་ཐུབ་པའི་ང་ཚོས་སྨོན་ལམ་རྒྱག་དགོས་ཅེས་གསུངས་བ་དང་ཆབས་ཅིག བོད་པའི་སྲོལ་རྒྱུན་གྱི་ལུགས་ལྟར་དྲི་མེད་ཀྱི་ཁ་བཏགས་དཀར་པོ་ཞིག༧གོང་ས་མཆོག་གི་སྐུ་པར་སྒྲོན་ཡོད་འདུག

དེ་ཉིན་ཁོང་ཚོས་སྟོན་པ་ཐུབ་པའི་དབང་པོའི་སྐུ་གསུང་ཐུགས་གསུམ་གྱི་ངོ་བོ་འདྲ་སྐུ་དང་། གསུང་རབ། མཆོད་རྟེན་བཅས་ལ་མཆོད་འབུལ་དང་། སྒྲོལ་མའི་མཚན་སྔག་བཟླས་བརྗོད་བཅས་བྱས་ཡོད་འདུག་ལ། མཆོད་འབུལ་དང་སྨོན་ལམ་ཚར་རྗེས་གྷོ་ཁོའོ་ཁུའུ་ཇིས་དགོན་པ་ནས་དེར་ཡོད་ཚོགས་ཞུགས་པ་རྣམས་ལ་ཇ་དང་འབྲས་སིལ་སོགས་གནང་སྦྱིན་མཛད་ཡོད་འདུག

མཐའ་མ་སྐུ་ཞབས་སྐལ་བཟང་དོན་འགྲུབ་ལགས་ཀྱིས་མཛད་སྒོ་འཇུག་བསྡུའི་གསུངས་བཤད་ནང་། ཐེངས་འདིར་༧གོང་ས་མཆོག་གི་བརྟན་བཞུགས་གསོལ་འདེབས་ཐོག་ཆེད་ཕེབས་མཁན་རྣམས་དང་ལྷག་པར་གྷོ་ཁོའོ་ཁུའུ་ཇིས་དགོན་པས་སེམས་གཏིང་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞེས་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞེ་བདེ་དང་འགྲོ་བ་མིའི་ཀུན་སྤྱོད་གོང་མཐོར་གཏོང་གནང་མཛད་བཞིན་པ་དེར། མ་འོངས་མུ་མཐུད་ནས་དེ་བཞིན་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།