དྲུག་བཞིའི་མང་གཙོ་ལས་འགུལ་གྱི་སྣེ་ཁྲིད་པ་ཀྲུག་ཡོན་ཅོན་ལ་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༢༡ཉིན། རྒྱ་ནག་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་མང་གཙོ་ལས་འགུལ་ལ་སྣེ་ཁྲིད་མཁན་སྐུ་ཞབས་ཀྲུག་ཡོན་ཅོན་ལགས་ལ་རྒྱ་གཞུང་གིས་གཡོ་ཟོལ་འཁྲབ་པའི་ཉེས་འཛུགས་བྱས་ཏེ། ལོ་དགུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་ལུགས་ཁོང་གི་ཁྲིམས་རྩོད་པ་དང༌། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ཁག་གིས་དེ་རིང་གསར་འགོད་པར་གསལ་བརྗོད་བྱས་ཡོད་འདུག

སྐུ་ཞབས་ཀྲུག་ཡོན་ཅོན་ལགས་ཀྱི་ཁྲིམས་རྩོད་པ་ཁྲིན་ཙེ་རུའུ་ཡིས་ཕི་རན་སིའི་གསར་ཁང་༼ AFP ༽་ཞེས་པར་འགྲེལ་བརྗོད་བྱས་ཡོད་དོན། རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་རྫོང་ཁྲིམས་ཁང་ཞིག་གིས་སྐུ་ཞབས་ཀྲུག་ཡོན་ཅོན་ལགས་ལ་ལོ་དགུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་སོང་བ་མ་ཟད། རྒྱ་སྒོར་ཁྲི་༨གྱི་དངུལ་ཆད་ཀྱང་བཀལ་སོང༌། ཁྲིམས་དཔོན་གྱིས་ཁྲིམས་ཆད་ཀློག་པ་ཙམ་ལས་མཐའ་མའི་ཡིག་ཐོག་གི་བཀའ་དཔྱད་ད་དུང་སྤྲད་མ་སོང་བས༌། ང་ཚོས་དེར་སྒུག་བཞིན་ཡོད། ཅེས་དང༌། ང་ཚོས་མཐོ་རིམ་ཁྲིམས་ཁང་ལ་གྱོད་གཞི་བསྐྱར་ཞིབ་ཀྱི་སྙན་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག 

དེ་ཡང་ཧོང་ཀོང་ཉེན་རྟོག་དམག་མིས་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་༩པའི་ནང་ཀྲུག་ཡོན་ཅོན་ཧོང་ཀོང་དུ་འཇུ་བཟུང་བྱས་ཏེ་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང༌། ཧོང་ཀོང་དུ་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཆ་འཕྲིན་ལྟེ་གནས་ཁང་གིས་བརྗོད་གསལ་ལྟར་ན། རྒྱ་ནག་པེ་ཅིང་དུ་དྲུག་བཞིའི་མང་གཙོ་ལས་འགུལ་བྱུང་རྗེས་ཀྲུག་ཡོན་ཅོན་བཙོན་ཁང་དུ་ལོ་གཉིས་ལ་སྡོད་དགོས་བྱུང་ཡོད་པ་དང༌། བཙོན་གྲོལ་ཐོབ་རྗེས་ཨ་རིའི་ནང་བྲོས་བྱོལ་དུ་ཕྱིན་ཡོད་འདུག ཕྱི་ལོ་༡༩༩༨ལོར་ཕྱིར་རྒྱ་ནག་ཏུ་ལོག་སྐབས། རྒྱ་གཞུང་གིས་ཁྲིམས་ཞིབ་གང་ཡང་མེད་པའི་སྒོ་ནས་ཁོ་ལོ་གསུམ་རིང་ལ་ངལ་རྩོལ་བསྒྱུར་བཀོད་རྭ་བར་བཙན་བཀག་བྱས་ཡོད་འདུག་ལ། དེ་རྗེས་ཡང་བསྐྱར་ཨ་རིའི་ནང་བྲོས་བྱོལ་དུ་ཕྱིན་ཡོད་འདུག དེ་སྔ་ཁོ་ཧོང་ཀོང་དུ་འཇུ་བཟུང་ཐེབས་སྐབས། ཁོས་ཕྱི་བསྐྱོད་ལག་འཁྱེར་རྫུན་མ་ཞིག་ཁུར་འདུག་ཁར། ལག་འཁྱེར་རྫུན་མའི་ནང་གི་མིང་བྱང་འོག་ཧོང་ཀོང་གི་ཧན་སུན་དངུལ་ཁང་ནས་རོགས་དངུལ་ལེན་རྩིས་བྱ་བཞིན་འདུག་ཟེར་མོད། སྐབས་དེར་ཁོ་ཧོང་ཀོང་བརྒྱུད་རྒྱ་ནག་སི་ཁྲོན་ནང་འཚོ་གནས་བྱས་ཡོད་པའི་རང་ཉིད་ཀྱི་ཕ་རྒན་ལ་གཉེན་འཕྲད་དུ་འགྲོ་བཞིན་ཡོད་པ་རེད་འདུག

གཞན་ཡང་ཕྱི་ལོ་༡༩༩༧ལོར་རྒྱ་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལྡན་པའི་ཚད་མཐོའི་རང་སྐྱོང་གི་གནས་བབས་སྤྲད་ཡོད་སྟབས།  ཀྲུག་ཡོན་ཅོན་གྱི་གྱོད་གཞི་དེ་གྱོད་དོན་བྱུང་ཡུལ་ཧོང་ཀོང་ནང་ཐག་གཅོད་པ་ལས་རྒྱ་ནག་སྐམ་ས་ཆེན་པོའི་ནང་ཐག་གཅོད་བྱེད་དབང་མེད་ལུགས་ཀྱི་ངོ་རྒོལ་ཡང་བྱུང་གིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ནས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།