བལ་ཡུལ་གཞུང་གིས་བོད་མི་༡༠རྒྱལ་སྤྱིའི་སྐྱབས་བཅོལ་ཁང་ལ་རྩིས་སྤྲོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༠ཉིན། བདུན་ཕྲག་སྔོན་མར་བོད་མི་ཁག་ཅིག་བྲོས་བྱོལ་དུ་ཡོང་སྐབས་བོད་མི་༡༠ཙམ་བལ་བོད་ས་མཚམས་སུ་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དེ་ཚོ། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་བལ་ཡུལ་ཕྱི་མིའི་ཞིབ་བཤེར་ལས་ཁུངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་མིའི་སྐྱབས་བཅོལ་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད་འདུག སྤྱིར་བལ་ཡུལ་ཕྱི་མིའི་ཞིབ་བཤེར་ལས་ཁུངས་ཀྱི་དབང་འཛིན་པ་ཚོས་བོད་མི་དེ་དག་རྒྱ་ནག་གཞུང་ལ་ཕྱིར་རྩིས་སྤྲོད་བྱ་རྒྱུར་འཆར་གཞི་སྔ་མོ་ནས་ཡོད་འདུག་ཀྱང༌། བོད་མི་དེ་དག་གིས་རྒྱ་གཞུང་ལ་ཁྲིམས་འགལ་བྱས་པའི་ནག་ཉེས་སོགས་བདེན་དཔང་གང་ཡང་མེད་དུས་ཕྱིས་སུ་ཁོང་ཚོའི་འཆར་གཞི་དེ་འགྱུར་བ་བཏང་དགོས་ཐུག་ཡོད་པ་རེད་འདུག

སྤྱིར་ཡོངས་ཀྱི་ཆ་ནས་ཉེའི་ལོ་འགའ་ནང་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་ནག་གཞུང་ལ་ཕྱིར་རྩིས་སྤྲོད་བྱས་པའི་གནས་ཚུལ་ཉུང་ཉུང་འདྲ་པོ་ཞིག་མཐོང་གི་ཡོད་ཀྱང༌། དེ་སྔོན་བལ་ཡུལ་གཞུང་གིས་བོད་མི་༨དང་སྐྱེས་དམན་༢བཅས་བལ་ཡུལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་སུ་རྩིས་སྤྲོད་བྱེད་རྒྱུའི་ཚབ་ཏུ་བལ་ཡུལ་ཀ་ཋ་མན་ཌུར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་རྩིས་སྤྲོད་བྱས་ཡོད་པ་རེད་ཅེས་བལ་ཡུལ་ཕྱི་མིའི་ཞིབ་བཤེར་ལས་ཁུངས་ཀྱི་ལས་བྱེད་པ་སྐུ་ཞབས་ཅང་དྷར་ནཱ་ཐ་གྷའ་ཐམ་ཞེས་པས་འགྲེལ་བརྗོད་བྱས་ཡོད་འདུག

བཀག་ཉར་བྱས་ཡོད་པའི་བོད་མི་དེ་ཚོས་ཁོང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་རག་ཆེད་ས་མཚམས་བརྒལ་ནས་རྒྱ་གར་ལ་འགྲོ་རྒྱུ་ཡིན་ཞེས་བལ་ཡུལ་ཕྱི་མིའི་ཞིབ་བཤེར་ལས་ཁུངས་ཀྱི་ལས་བྱེད་པར་འགྲེལ་བརྗོད་བྱས་ཡོད་འདུག སྤྱི་ལོ་༡༩༥༩ལོར་བོད་ནང་དུ་ཞི་བའི་ཡར་ལངས་བྱུང་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བོད་མི་འབོར་ཆེན་བལ་ཡུལ་དུ་སླེབས་འགོ་བརྩམས་པ་དང༌། དེ་བཞིན་སྤྱི་ལོ་༡༩༩༠ཡི་སྔོན་དུ་འབྱོར་བའི་བོད་མི་དེ་དག་ལ་བལ་ཡུལ་དུ་གནས་སྡོད་ཆོག་པའི་ཐོབ་ཐང་ཀྱང་རེག་ཡོད་པ་རེད་འདུག

འོན་ཀྱང་ཉེ་བའི་ཟླ་འགའ་ནས་བཟུང་སྟེ་རྒྱ་ནག་པེ་ཅིང་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་འདྲ་མིན་ཞིག་སྤྲོད་བཞིན་ཡོད་པའི་དེའི་དབང་གིས། བལ་ཡུལ་གནས་སྡོད་བོད་མི་རྣམས་ལ་དཀའ་ངལ་ཉིན་རེ་ནས་ཉིན་རེ་ཇེ་ཆེར་འགྲོ་བཞིན་ཡོད་འདུག་པ་དང༌། མ་ཚད་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ་ལའང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག བལ་ཡུལ་དུ་ཁྱོན་བོད་མི་༢༠༌༠༠༠ཙམ་གནས་སྡོད་བྱས་ཡོད་པ་དང༌། དེ་སྔོན་གསར་དུ་འབྱོར་བའི་སྐྱབས་བཅོལ་བ་དེ་དག་ཁོང་ཚོའི་ལུང་པ་བརྒྱུད་ནས་འགྲོ་བསྐྱོད་བྱེད་ཆོག་གི་ཡོད་པ་རེད།

ལོ་ལྟར་བོད་མི་བརྒྱ་ཕྲག་མང་པོ་བལ་ཡུལ་བརྒྱུད་ནས་བཙན་བྱོལ་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་བྲོས་བྱོལ་དུ་ཡོང་བཞིན་ཡོད་པ་དང༌། ཁོང་ཚོར་མང་ཆེ་བས་གངས་རི་སོགས་བརྒལ་ནས་ཡོང་གི་ཡོད་དུས་ཉེན་ཁ་དང་དཀའ་སྡུག་ཧ་ཅང་ཆེན་པོ་ཡོད་པས་མ་ཚད། ཁག་ཅིག་བལ་རྒྱ་གཉིས་ཀྱི་ཉེན་རྟོག་པས་འཛིན་བཟུང་དུ་ཐེག་པ་དང༌། དེ་བཞིན་ཚེ་སྲོག་ཤོར་བ་ཡང་ཉུང་ཉུང་གཏན་ནས་མིན། འོན་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་མིའི་སྐྱབས་བཅོལ་ལས་ཁུངས་ཀྱིས་བལ་ཡུལ་གཞུང་ལ་བོད་མི་བྲོས་བྱོལ་བ་དེ་དག་ངེས་པར་དུ་སྐྱབས་བཅོལ་ལས་ཁུངས་སུ་རྩིས་སྤྲོད་བྱེད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།