ཨ་རིའི་སྲིད་འཛིན་མཆོག་གིས་ཧུའུ་ཅིན་ཐའོ་དང་ལྷན་དུ་བོད་དོན་གླེང་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

20november20082ཨ་མི་རི་ཀའི་སྲིད་འཛིན་བྷུ་ཤི་མཆོག་གིས་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཇལ་འཕྲད་གནང་སྐབས་བོད་ཀྱི་གནད་དོན་སྐོར་བཀའ་མོལ་གནང་རྒྱུ་ཡིན་སྐོར་སྲིད་འཛིན་གྱི་གསར་འགོད་དྲུང་ཆེ་སྐུ་གཞོན་གྷོར་ཌེན་རྗོན་ཌོ་རོ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསལ་བསྒྲགས་གནང་ཡོད་པ་རེད།

ཨ་མི་རི་ཀ་འི་སྲིད་འཛིན་བྷུ་ཤི་མཆོག་ཚེས་༢༠དང་རེས་གཟའ་པ་སངས་ཉིན་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་པེ་རུའི་ནང་བསྐོང་ཚོགས་གནང་བཞིན་པའི་ཨེ་པེཀ་ཞེས་པའི་རྒྱལ་སྤྱིའི་དཔལ་འབྱོར་གྱི་ལྷན་ཚོགས་ལ་ཆེད་ཕེབས་གནང་གི་ཡོད་པ་དང༌། ལྷན་ཚོགས་ཀྱི་ཞོར་དུ་ཨ་རིའི་སྲིད་འཛིན་མཆོག་བྷུ་ཤི་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་དབར་མཇལ་འཕྲད་གྲོས་མོལ་གནང་འཆར་ཡོད་པ་དང༌། སྐབས་དེར་སྲིད་འཛིན་མཆོག་གི་གསར་འགོད་དྲུང་ཆེ་སྐུ་གཞོན་གྷོར་ཌེན་ལགས་ཀྱིས་རྒྱ་ནག་དང་ཨ་རིའི་དབར་གཞུང་འབྲེལ་གྱི་འབྲེལ་ལམ་བཙུགས་ཏེ་ལོ་ངོ་གསུམ་བཅུ་འཁོར་བའི་དུས་སྐབས་སླེབས་མཚམས་སུ་ཁེལ་ཡོད་ཅིང༌། སྲིད་འཛིན་མཆོག་གིས་དེའི་སྔ་རོལ་ཡུལ་གཉིས་ཀྱི་འབྲེལ་ལམ་སྤྱི་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་གཞན་ཡང་རྒྱ་ནག་གཞུང་དང་བོད་མིའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་གྱི་གྲོས་མོལ་གྱི་གནད་དོན་བཅས་ཀྱིས་གཙོས་འགྲོ་བ་མིའི་ཐོབཐང་དང་ཆོས་ལུགས་རང་དབང་གི་ཐོབ་ཐང་བཅས་ཀྱི་སྐོར་ཡང་བཀའ་མོལ་གནང་གི་རེད་ཅེས་ཁོང་གིས་གསུངས་ཡོད་པ་རེད།།

རྒྱ་གར་རྡ་རམ་ས་ལར་བོད་མི་གནས་སྡོད་ས་ཁུལ་ཚང་མའི་སྐུ་ཚབ་རྣམས་ལྷན་འཛོམས་གནང་སྟེ་མ་འོངས་བོད་དོན་འཐབ་རྩོད་ཀྱི་སྲིད་ཇུས་ལངས་ཕྱོགས་སྐོར་གྲོས་མོལ་གནང་བཞིན་པའི་སྐབས་དེར་རྒྱ་ནག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲའོ་ལྦེ་ཆུན་གྱིས་ཕེ་རན་སི་རྒྱལ་ས་པེ་རི་སི་ནང་ཕྱི་སྡོད་རྒྱ་རིགས་ཁག་ཅིག་དང་ལྷན་དུ་ཐུགས་འཕྲད་གནང་བའི་སྐབས་བོད་ལ་རང་བཙན་ནི་ནམ་ཡང་ཡོང་ཐབས་མེད་པ་དང་དེ་བཞིན་བོད་དོན་ཞེས་པའི་ཐོག་རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུ་ཡང་ཡོང་མི་སྲིད་པ་ཞིག་རེད། རྡ་རམ་ས་ལར་ཡོད་པའི་སྐྱབས་བཅོལ་གཞུང་ནི་ཁྲིམས་འགལ་གྱི་གཞུང་ཞིག་ཡིན་སྟབས་རྒྱ་ནག་དབུས་གཞུང་གིས་སྐྱབས་བཅོལ་གཞུང་དང་ལྷན་དུ་བཀའ་མོལ་ནམ་ཡང་བྱེད་ཀྱི་མ་རེད་ལ། བོད་རང་བཙན་གྱི་གནད་དོན་ཐད་ཕན་ཚུན་གོ་ཤེས་ཀྱིས་གནད་དོན་ཐག་གཅོད་གནང་ཐབས་མེད་པ་ཞིག་རེད་ཅེས་བཤད་ཡོད་པ་རེད། དེ་བཞིན་ཁོང་གིས་ཏཱ་ལའི་བླ་མས་ལངས་ཕྱོགས་ནོར་བ་རྙམས་དོར་བ་ཡིན་ན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་མ་འོངས་པའི་སྐོར་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཞུ་གི་རེད་ཅེས་གསུངས་ཡོད་འདུག

ཡང་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་ཐོག་མཁས་དབང་ཡིན་ཟེར་བའི་རྒྱ་རིགས་ཁག་ཅིག་ད་ལྟ་ཡོ་རོབ་ནང་སྐོར་བསྐྱོད་བྱ་མུས་ཡིན་པ་དང༌། ཁོང་ཚོས་ཡུ་རོབ་ཀྱི་ཆབ་སྲིད་པ་དང་གསར་འགོད་པ། ཕྱི་སྡོད་རྒྱ་རིགས། རྒྱ་ནག་གི་སློབ་ཕྲུག་སོགས་ཐུགས་འཕྲད་བྱས་ཏེ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ་དང༌། དེ་དང་ཆབས་ཅིག་བོད་མི་ཚོས་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་བོད་ནི་རྒྱལ་རབས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མ་ཡིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་པ་རེད།

རྒྱ་ནག་གི་འགོ་འཁྲིད་འདས་པོ་ཏེང་ཞའོ་ཕིང་གིས་བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་ཐད་བོད་ལ་རང་བཙན་མ་ཡིན་པའི་དེ་མིན་བོད་ཀྱི་གནད་དོན་ག་འདྲ་ཞིག་ཡིན་རུང་གྲོས་མོལ་བྱེད་ཆོག་ཅེས་འདོད་ཚུལ་གསལ་འདོན་གནང་པ་དེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནས་ཁ་ས་སླར་ཡང་དག་བུད་ར་སྤྲོད་གནང་འདུག

ཉེ་ལམ་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམ་ནས་རྒྱ་ནག་ནང་འབྲེལ་མོལ་ཐེངས་བརྒྱད་པ་གནང་ནས་རྒྱ་གར་རུ་ཕྱིར་ལོག་ཕེབས་རྗེས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་གཙོ་འཛིན་གཞོན་པ་ཀྲུའུ་ལྦེ་ཆིན་ནས་ཕྱི་ ཚེས་བཅུ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་སར་རྒྱ་ནག་གི་འགོ་འཁྲིད་འདས་པོ་ཏེང་ཞའོ་ཕིང་གིས་རང་བཙན་མ་ཡིན་པའི་བོད་ཀྱི་གནད་དོན་ག་འདྲ་ཞིག་ལ་གྲོས་མོལ་བྱེད་ཆོག་སྐོར་གཏམ་བཤད་ཅི་ནས་བྱས་མེད་ལུགས་བརྗོད་ཡོད་པ་རེད། འདི་ཟླའི་ཚེས་བཅུ་དགུ་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གནད་དོན་ཐད་བོད་གཞུང་གི་དམིགས་བསལ་ཚོགས་འདུ་དང་སྟབས་བསྟུན་སྟེ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟུར་པ་སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་དང་བཀའ་ཁྲི་ཟུར་པ་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་རྣམ་གཉིས་ཀྱི་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་པ་རེད། སྐབས་དེར་ཉི་ཧོང་གི་གསར་འགོད་པ་ཞིག་ནས་ཏེང་ཞའོ་ཕིང་གིས་བོད་ལ་རང་བཙན་མ་གཏོགས་གནད་དོན་གཞན་ག་འདྲ་ཞིག་རུང་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་ཆོག་པའི་གཏམ་བཤད་དེ་བདེན་པ་མིན་ཚུལ་གྱི་གནས་ཚུལ་ལ་བཅར་འདྲི་བྱས་པར་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་ནས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་གཙོ་འཛིན་གཞོན་པས་དངོས་ཀྱི་གནས་ཚུལ་ལ་འཁྱོག་བཤད་བྱས་པར་ཧང་སངས་པའི་ཚོར་སྣང་དང་ཆབས་ཅིག་གནས་ཚུལ་ངོ་མ་ཇི་ཡིན་སྐོར་དཔང་རྟགས་ར་སྤྲོད་ཀྱི་ལན་འདེབས་དང་གསལ་བཤད་ངོ་སྤྲོད་བཅས་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།