སྨྲ་བརྗོད་རང་དབང་ཆེད་བོད་ཀྱི་འབོད་སྒྲ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༡༦ཉིན། རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་ཀརྨ་ཡེ་ཤེས་ལགས་སུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་དོན་དང་འབྲེལ་བའི་གནས་ཚུལ་ཁག་བཅར་འདྲི་ཞིག་བྱས་པར། དེ་ཡང་།

ཐོག་མར་ཁྱེད་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བརྒྱུད་རིམ་སྐོར་ངོ་སྤྲོད་རོབ་ཙམ་ཞིག་གནང་རོགས།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་འདི་ནི་ཐོག་མར་ནོར་ཝེ་རུ་ནོར་ཝེ་འགྲོ་བ་མིའི་ཐོབ་ཐང་གི་ཁང་པ་ཞེས་པ་དང་ནོར་ཝེ་བོད་མིའི་མཐུན་ཚོགས། དེ་བཞིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་བཅས་ཀྱིས་གསར་འཛུགས་གནང་བ་ཞིག་རེད། ཐོག་མའི་ཆར་བདུན་ཕྲག་གཅིག་ནང་ཉིན་༥དང༌། ཉིན་རེ་ལས་རིམ་སྐར་མ་༡༥ཙམ་ཐེངས་གཉིས་ལས་ཡོད་པ་མ་རེད། ང་ཚོའི་ལས་ཁུངས་དེ་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་ནང་ཡོད་པ་རེད། སྤྱི་ལོ་༡༩༩༧ལོར་ཨོ་སི་ལོ་ནས་དྷ་རམ་ས་ལར་གནས་སྤོ་བྱས་པ་ཞིག་རེད། དེ་རྗེས་སྤྱི་ལོ་༡༩༩༩ལོར་ང་ཚོས་རྒྱ་སྐད་ཀྱི་གསར་འགྱུར་ལས་རིམ་སྐར་མ་༡༥ཙམ་འགོ་འཛུགས་བྱས་པ་རེད། ད་ལྟ་ང་ཚོར་ལས་རིམ་སྐར་མ་༤༥ཡོད་པའི་ནང་ནས། སྐར་མ་༣༠བོད་སྐད་དང༌། སྐར་མ་༡༥ རྒྱ་ནག་པེ་ཅིང་སྤྱི་སྐད་ཐོག་ནས་གསར་འགྱུར་རྒྱང་སྲིང་བྱེད་བཞིན་ཡོད་པ་རེད། བདུན་ཕྲག་གཅིག་རིང་གི་ལས་རིམ་དེ་ཡང་ཉིན་རེ་ཐེངས་ལྔ་ཙམ་བསྐྱར་གཏོང་བྱེད་བཞིན་ཡོད། ད་དུང་ང་ཚོར་དྲ་རྒྱ་ཡང་ཡོད་པ་རེད། ང་ཚོའི་གསར་འགྱུར་རྒྱང་སྒྲོག་དེ་ཡང་བོད་ནང་དང་དེ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ནས་རླུང་འཕྲིན་གསན་ཐུབ་ཀྱི་ཡོད་པ་རེད།

ཁྱེད་ཚོའི་གསར་འགྱུར་རླུང་འཕྲིན་ཉན་མཁན་མང་ཤོས་གང་དུ་ཆགས་ཡོད་པ་རེད་དམ།

ང་ཚོའི་གསར་འགྱུར་གྱི་ལས་རིམ་དེའི་དམིགས་འབེན་གཙོ་བོ་འཛིན་ས་དེ་བོད་དང་རྒྱ་ནག་རེད། དེ་འདྲ་ཡིན་དུས་བོད་དང་རྒྱ་ནག་ལ་དམིགས་འབེན་བཟུང་ནས་རྒྱང་སྲིང་ཀྱི་ལས་རིམ་ཡང་དུས་ཚོད་མི་འདྲ་བ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་གར་དང་བལ་ཡུལ་འབྲུག་སོགས་སུ་རླུང་འཕྲིན་ཉན་མཁན་རྣམས་པའི་ཆེད་དུ་རྒྱང་སྲིང་གི་ལས་རིམ་དུས་ཚོད་གཞན་པ་ཞིག་ཀྱང་ཡོད་པ་རེད། ང་ཚོའི་རླུང་འཕྲིན་དེ་རྒྱ་གར་བྱང་ཕྱོགས་དང་བོད་ནང་གི་ས་ཆ་ཁག་ཅིག་ལ་ཡག་པོ་ཉན་ཐུབ་ཀྱི་ཡོད་རུང༌། སྟབས་མི་ལེགས་པ་ཞིག་ལ་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་དེ་ཙམ་ཡག་པོ་ཉན་ཐུབ་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། དེ་རུ་རྒྱ་ནག་གི་རླུང་འཕྲིན་འགོག་རྒོལ་གྱི་ཡོ་ཆས་ཤུགས་ཆེན་པོ་བཙུགས་ཡོད་པ་རེད། དེར་བརྟེན་དེ་ནི་ང་ཚོའི་ཁ་གཏད་དང་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

ད་རུང་ང་ཚོའི་རླུང་འཕྲིན་དེ་བོད་མི་མང་པོ་གནས་སྡོད་བྱེད་ས་རྒྱ་གར་ལྷོ་ཕྱོགས་དང་དྷ་རམ་ས་ལ་སོགས་སུ་ཡང་ཡག་པོ་ཉན་ཐུབ་ཀྱི་ཡོད་པ་རེད། ཐའེ་ཝན་དང་ཧོང་ཀོང་དེ་བཞིན་རྒྱ་ནག་གི་ས་ཁུལ་ཁག་ཅིག་ཏུ་ཡང་ང་ཚོའི་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་ང་ཚོའི་གསར་འགྱུར་ལས་རིམ་གསན་མཁན་དེ་འདྲ་ཡང་མང་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་འཛམ་གླིང་གང་སར་བོད་མི་དང་ཕྱི་སྡོད་རྒྱ་མི་མང་པོས་ང་ཚོའི་གསར་འགྱུར་རླུང་འཕྲིན་ཉན་བཞིན་ཡོད་པ་རེད།

ཁྱེད་ཀྱིས་རྒྱ་ནག་གཞུང་གིས་ཁྱེད་ཚོའི་བརྡ་རྟགས་སྐྱེལ་འདྲེན་གྱི་རླབས་ཤུགས་ཆུང་རུ་གཏོང་བ་དང་བཀག་འགོག་བྱེད་བཞིན་ཡོད་པའི་སྐོར་ཞིག་གསུང་རོགས།

ང་ཚོས་གསར་འགྱུར་གྱི་ལས་རིམ་དེ་དག་རྒྱང་སྲིང་བྱེད་པར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་འདི་དམིགས་གསལ་རྒྱལ་སྤྱིའི་རླུངས་འཕྲིན་རྒྱང་སྲིང་དང་འབྲེལ་བའི་ཁྲིམས་ཐོག་ནས་དེབ་སྐྱེལ་བྱས་ཡོད་རུང༌། རྒྱ་ནག་གིས་དེ་ལ་མོས་མཐུན་བྱེད་ཀྱི་ཡོད་པ་མ་རེད། ད་དུང་རྒྱུན་དུ་ཁོང་ཚོས་ཟློས་གར་ག་རེ་འཁྲབ་འཁྲབ་རེད། དེ་འདྲ་ཡིན་དུས་ཁོང་ཚོས་རྒྱལ་སྤྱིའི་ལྷན་ཚོགས་ཐོག་མི་རྟགས་དེ་ལ་རྩིས་མེད་གཏོང་བཞིན་ཡོད་པ་རེད། ང་ཚོས་བཙན་བྱོལ་ནས་རླུང་འཕྲིན་རྒྱང་སྲིང་བྱེད་པར་ཁོང་ཚོས་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ལ། ང་ཚོས་ཀྱང་ཁོང་ཚོའི་བྱེད་སྟངས་དེ་ལ་བཀག་འགོག་བྱེད་ཐུབ་ཀྱི་མ་རེད། མ་འོངས་པར་ཁོང་ཚོས་རླུང་འཕྲིན་བཀག་འགོག་དེ་ལ་ང་ཚོས་ཐབས་ཤེས་བེད་སྤྱོད་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་རྗེས་སུ་ང་ཚོས་རྟགས་ཏུ་རྒྱང་སྲིང་གི་དུས་ཚོད་སོགས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། འོན་ཀྱང་གནད་དོན་དེ་ང་ཚོས་དེ་འདྲ་བྱས་པ་ཡིན་ན་ང་ཚོའི་རླུང་འཕྲིན་ཉན་མཁན་ཉུང་རུ་འགྲོ་ངེས་རེད།

རྒྱ་ནག་གི་གོ་ལའི་དུས་བབ་ཞེས་པའི་གསར་ཤོག་དེའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད་ཅེས་བཀོད་འདུག ཁྱེད་ཀྱིས་དེའི་སྐོར་ལན་འདེབས་ཇི་ལྟར་གནང་རྒྱུ་ཡིན།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་འདི་ནི་བོད་མི་ཡོངས་དང་བོད་ལ་དགའ་མཁན་གྱི་མི་དེ་ཚོའི་གླེང་སྟེགས་ཤིག་རེད། ང་ཚོས་བཙན་བྱོལ་བོད་གཞུང་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དེ་ཚོའི་ཚང་མའི་གནས་ཚུལ་རྣམས་འབྲེལ་བརྗོད་བྱེད་བཞིན་ཡོད། མ་ཚད་ང་ཚོས་བོད་དང་རྒྱ་དཀར་ནག་གི་འབྲེལ་ལམ་དང་། བོད་དང་ཨ་རྒྱའི་འབྲེལ་ལམ་སོགས་གནས་ཚུལ་ཚང་མ་འབྲེལ་བརྗོད་བྱེད་བཞིན་ཡོད་པ་རེད། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་འདིར་ཆབ་སྲིད་སྐོར་འདོད་ཕྱོགས་གང་ཡང་ཡོད་པ་མ་རེད། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་མི་ཚང་མའི་ཆེད་གླེངས་སྟེགས་འདི་ཡར་རྒྱས་གོང་འཐོར་གཏོང་རྒྱུ་དེ་རེད། ང་ཚོ་ལ་དེ་བཞིན་ཆབ་སྲིད་ཀྱི་གནས་བབ་གང་ཡང་ཡོད་པ་མ་རེད། གང་ལྟར་ང་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ཡིན་ནའང་འདྲ། རང་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ཡིན་ནའང་འདྲ་རྒྱ་ནག་གི་སྐྱོན་འཛུགས་དེ་དག་ལ་གཞི་འཛིན་ས་གང་ཡང་ཡོད་པ་མ་རེད།

བོད་ནང་གི་རླུང་འཕྲིན་ཉན་མཁན་དེ་ཚོའི་དགོངས་ཚུལ་འདྲ་སླེབས་སོང་ངམ།

བོད་ནང་གི་རླུང་འཕྲིན་ཉན་མཁན་དེ་ཚོའི་དགོངས་ཚུལ་ཡོང་བར་དཀའ་ལས་ཁག་ཏུ་ཁག་ཏུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་ང་ཚོར་ཉེ་ཆར་བོད་ནས་གསར་དུ་འབྱོར་བ་དེ་འདྲ་མང་པོ་ཐུག་བྱུང༌། ང་ཚོས་ཁོང་ཚོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་གྱི་གསར་འགྱུར་གསན་གྱི་ཡོད་དམ་ཞེས་འདྲི་དུས། ཁག་ཅིག་གིས་ཉན་གྱི་ཡོད་ཅེས་དང་ཁག་ཅིག་གིས་ཉན་གྱི་མེད་དེ་འདྲ་གསུངས་ཀྱི་འདུག ཁ་ཤས་ཀྱིས་རྟགས་ཏུ་རླུང་འཕྲིན་ནང་ལ་༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་དེ་འདྲ་མང་ཙམ་གཏོང་རོགས་གསུངས་ཀྱི་འདུག དེང་སང་བོད་མི་མང་པོ་ཞིག་གིས་རྒྱལ་སྤྱིའི་གསར་འགྱུར་རླུང་འཕྲིན་དེ་འདྲ་མང་པོ་ཉན་གྱི་ཡོད་པ་རེད། འོན་ཀྱང་ཁོང་ཚོར་༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་དེ་འདྲ་མང་པོ་ཉན་རྒྱུའི་གོ་སྐབས་རག་གི་ཡོད་པ་མ་རེད་ཅེས་གསུངས་བྱུང་།

ཁྱེད་ཚོར་བོད་ནང་གི་གནས་ཚུལ་གང་འདྲ་བྱས་ནས་རག་གི་ཡོད་པ་རེད་དམ།

དེང་སང་བོད་ནང་གི་གནས་ཚུལ་རག་རྒྱུར་ཧ་ཅང་ཁག་པོ་འདུག ང་ཚོས་རྟགས་ཏུ་འཛམ་བུ་གླིང་ས་ཕྱོགས་གང་ས་ནས་ཁ་ཐུག་མིན་པའི་ཐོག་ནས་བོད་ནང་གི་གནས་ཚུལ་རག་ཐབས་བྱེད་ཀྱི་ཡོད། དེ་འདྲ་མི་མང་པོ་ཡོད་པ་རེད། ལྷག་པར་རྒྱ་གར་ལྷོ་ཕྱོགས་ནས་དགོན་པའི་གྲྭ་པ་དེ་ཚོའི་ས་ནས་བོད་ནང་གི་གནས་ཚུལ་མང་པོ་རག་གི་འདུག ཁོང་ཚོ་ནི་བོད་ནས་ཡོང་བ་ཡིན་དུས་ཁོང་ཚོའི་ས་ནས་གནས་ཚུལ་ཡག་པོ་དེ་འདྲ་མང་པོ་རག་གི་འདུག ང་ཚོར་གནས་ཚུལ་རག་པ་དེ་ཚོ་ཚང་མ་ནན་ཏན་ཐོག་བརྟག་ཞིབ་ཐེངས་གཉིས་ཙམ་བྱེད་ཀྱི་ཡོད། གནས་ཚུལ་འགྲིགས་པ་དང་བདེན་པ་དེ་འདྲ་བཏང་གི་ཡོད། དེ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། ང་ཚོས་གནས་ཚུལ་དེ་ཚོ་འཛམ་གླིང་གང་སར་ཡོད་པའི་བོད་ཀྱི་ཉམས་ཞིབ་ལྟེ་གནས་དང༌། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་སོགས་དང་ལྷན་དུ་གནས་ཚུལ་རྣམས་བསྐྱར་ཞིབ་དང་ཡང་ཞིབ་བྱེད་ཀྱི་ཡོད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༨༢༠༡༡༠༢༠༥
ཧ་ཡོ་ད་ངོ་མ་དཀའ་སོང་ལོ་ན་ཡང་རྒད་སོང་ཡ་ཡོ་བཀྲ་ཤིས་བདེ་ལེགས།



བརྗོད་གཞི་གཞན་ཁག་ལ་གཟིགས།