ཧེ་ཊེས་ས་ཡོམ་ཁྲོད་མི་༤༥.༠༠༠ནས་༥༠.༠༠༠འདས་གྲོངས་སུ་ཕྱིན་ཡོད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༡༥ཉིན། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ལས་འགུལ་ཚོགས་པས་ཚོད་རྩིས་བྱས་པ་ལྟར། ཐེངས་འདིའི་ཧེ་ཊེས་ས་ཡོམ་ཁྲོད་མི་༧༠.༠༠༠རྐྱེན་ལམ་ཏུ་ཕྱིན་ཡོད་པ་མ་ཟད། ཡུལ་མི་ས་ཡ་༣ལྷག་གི་འཚོ་གནས་ལ་གནོད་པ་ཐེབས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༢ཉིན་གྱི་ཕྱི་དྲོར་བྱང་ཨ་མི་རི་ཀའི་ཧིས་སི་པན་ནེའོ་ལ་གླིང་ཕྲན་ཐོག་ཆགས་པའི་ཧེ་ཊེས་སྤྱི་མཐུན་རྒྱལ་ཁབ་ལ་ཚད་རིམ་༧.༣་གྱི་ས་ཡོམ་དྲག་པོ་བརྒྱུགས་ཏེ། རྒྱལ་ཁབ་དེའི་མང་ཚོགས་༧༠.༠༠༠རྐྱེན་ལམ་ཏུ་བརྫངས་ཡོད་པ་དང༌། ཁང་བརྩེགས་དང་སྡོད་ཁང་རྡིབ་སྐྱོན་བྱུང་སྟེ་ཡུལ་མི་ས་ཡ་༣ལྷག་ལ་རྨས་སྐྱོན་དང་སྡོད་མེད་ཀྱི་དཀའ་ཉེན་སྤྲད་ཡོད་འདུག དེ་མིན་ཧེ་ཊེས་སྲིད་འཛིན་གྱི་བཞུགས་ཤག་ལའང་གཏོར་བརླག་ཚབས་ཆེན་ཐེབས་ཡོད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན། ཨ་རི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང༌། ཡར་རྒྱས་རོགས་འདེགས། དམག་ཤུགས། དེ་ལས་ཀྱང་གཙོ་ཆེ་བ་ང་ཚོའི་རྒྱལ་ཁབ་ཀྱི་སྙིང་རྗེ་ཧེ་ཊེས་མི་མང་གི་ཆེད་དུ་འདོན་རྒྱུ་ཡིན་ཞིང༌། ཁྱོད་ཚོ་གྲོགས་མེད་དུ་གཡུག་མི་སྲིད་ལ་བརྗེད་ཀྱང་མི་སྲིད་ཅེས་ང་ཚོས་གསལ་བོར་ཞུས་པ་ཡིན། ཞེས་གསུངས་ཡོད་ཁར། ཨ་སྒོར་ས་ཡ་༡༠༠གནས་བབས་རིང་གི་རྒུད་སྐྱོབ་རོགས་དངུལ་དང༌། ཧེ་ཊེས་འབྱུང་འགྱུར་གྱི་སླར་གསོ་འཛུགས་བསྐྲུན་ཐད་ཨ་རིས་ཕུགས་རྒྱུན་རིང་པོའི་རོགས་སྐྱོར་གནང་རྒྱུ་ཁས་ལེན་སོས་ཐེག་བྱས་ཡོད་འདུག

ཨ་རིའི་གཞུང་གིས་དམག་མི་༣.༥༠༠༠དང་མཚོ་དམག་༢.༢༠༠ཧེ་ཊེས་མང་ཚོགས་ཀྱི་མྱུར་སྐྱོབ་རོགས་དཔུང་དུ་གཏོང་རྒྱུ་རེད་ལ། དེ་རིང་མཚོ་དམག་དཔུང་ཁག་གཅིག་མཁའ་ལམ་བརྒྱུད་ཧེ་ཊེས་སུ་འབྱོར་ནས་རྒྱལ་ས་པོར་ཌི་ཨོ་ཕུ་རུན་སིའི་གྲུ་ཁ་བསྐྱར་བསྐྲུན་གྱི་ལས་འགོ་བརྩམས་ཏེ། མྱུར་སྐྱོབ་མི་སྣ་དང་རྒུད་སྐྱོབ་དངོས་རྫས་དག་རྒྱལ་ཁབ་དེར་སྐྱེལ་འདྲེན་བྱེད་པ་སྟབས་བདེར་བཟོ་རྒྱུ་རེད་འདུག འདི་ནི་ཨ་རིའི་ཉེ་བའི་ལོ་རྒྱུས་ནང་གི་རྒུད་སྐྱོབ་རོགས་རམ་ཆེས་ཆེ་ཤོས་དེ་ཆགས་ཡོད་འདུག

ཕི་རན་སིའི་སྲིད་འཛིན་ནེ་ཀོ་ལ་སར་ཀོ་ཟི་མཆོག་གིས་གསལ་བསྒྲགས་སྤེལ་དོན། ཨ་རི་དང་ཕི་རན་སི། ཁེ་ན་ཊ། བྷ་ར་ཟིལ། ད་མིན་གྱི་རྒྱལ་ཁབ་གཞན་ཁག་ཅིག་གི་སྲིད་འཛིན་རྣམ་གྱིས་ཧེ་ཊེས་བསྐྱར་བསྐྲུན་གྱི་ལས་འཆར་སྒང་ལ་ལྷན་ཚོགས་ཤིག་བཀོད་སྒྲིག་ཞུ་རྒྱུ་ཡིན། ཞེས་གསར་འགོད་པར་བརྗོད་ཡོད་འདུག

འཛམ་གླིང་ཡུལ་གྲུ་སོ་སོ་ནས་བསྐྱལ་བའི་དངོས་རྫས་དང་སྒྲིག་ཆས་ཁག་ཧེ་ཊེས་སུ་འབྱོར་གྱིན་པའི་སྒང་རེད་མོད། ཧེ་ཊེས་ནང་ཤི་རྨས་ཐེབས་པའི་གྲངས་འབོར་ཇེ་ཆེར་འགྲོ་གྱིན་འདུག་ལ། ཡུལ་མི་སྟོང་ཕྲག་མང་པོ་སྲང་ལམ་ཏུ་ཉལ་དགོས་པའི་གནས་ཚུལ་འབྱུང་དང་བྱུང་གིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།