བོད་དོན་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་ནག་ཏུ་དྲ་རྒྱ་སྒོ་བརྒྱབ་པ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༡༡ཉིན། དྲ་རྒྱ་བལྟ་ཀློག་པས་གྲུབ་པའི་གློག་བརྙན་བསྐྱར་ཞིབ་དྲ་ཚིགས་www.IMDb.com་ཞེས་པ་མདུན་ཕྲག་འདིའི་ནང་རྒྱ་ནག་ནང་སྒོ་རྒྱག་དགོས་བྱུང་ཡོད་འདུག་ལ། དེ་མིན་རྒྱ་གཞུང་གིས་ཡུ་ཊུབ་(YouTube) དང༌། ཕེ་སི་བྷུག(FaceBook)། ཊིའུ་ཊེར་(Twitter)སོགས་དེ་སྔ་ནས་བཀག་སྡོམ་སྟངས་འཛིན་བྱས་ཡོད་འདུག
དེ་ཡང་གློག་བརྙན་དྲ་ཚིགས་དེ་ཟླ་རེར་བལྟ་བསྔོག་བྱེད་མཁན་མི་དུང་ཕྱུར་༥༧ལས་བརྒལ་བ་འདུག་ཁར། དྲ་ཚིགས་དེ་དབྱིན་ཡིག་སོགས་སྐད་ཡིག་རིགས་མི་འདྲ་ལྔ་ལྷག་གི་ནང་བལྟ་ཀློག་བྱེད་ཐུབ་འདུག འོན་ཏེ་རྒྱ་ཡིག་གི་ལམ་དུ་མེད་པའི་དྲ་ཚིགས་འདི་རྒྱ་ནག་ནང་ཟླ་འདིའི་ཚེས་༦ཉིན་ནས་བཟུང་བཀག་སྡོམ་བྱེད་དགོས་དོན་ནི་དོགས་འདྲི་ཞིག་ཏུ་གྱུར་ཡོད་པ་རེད།
དྲ་ཚིགས་དེ་བཀག་སྡོམ་སྟངས་འཛིན་བྱེད་དོན་གཙོ་བོ་ནི་དྲ་ཚིགས་དེ་རུ་རྒྱ་གཞུང་གིས་ཁ་བྲལ་བར་བརྩི་བའི་བོད་མའི་དབུ་ཁྲིད་ཏཱ་ལའི་བླ་མ་དང༌། ཡུ་གུར་མི་རིགས་ཀྱི་རང་བཙན་འཐབ་རྩོད་པ་ལྕམ་རེ་བྷིས་ཡ་ཁའེ་ཌིར་རྣམ་གཉིས་སྐོར་འཚོལ་ཞིབ་བྱེད་པའི་ཆེད་བསྒྲིགས་སྡེ་ཚན་ལྡན་ཐོག རུས་ཌུའུ་ས་རུན་དང་བསྟན་འཛིན་བསོད་ནམས་གཉིས་ཀྱིས་འཁྲབ་ཁྲིད་གནང་བའི་བོད་མིའི་རང་དབང་འཐབ་རྩོད་ཐད་ཀྱི་དངོས་བྱུང་གློག་བརྙན་༼སྤྲིན་རྒྱབ་ཀྱི་ཉི་མ༽་ཞེས་པའི་རྐྱེན་གྱིས། རྒྱའི་གློག་བརྙན་༼ནན་ཅིན། ནན་ཅིན༽་ནམ་༼ཤི་གསོན་གྱི་གྲོང་ཁྱེར་༽དང༌། ༼མགྱོགས་མགྱོགས་དལ་མོ༽་ཞེས་པ་གཉིས་རྒྱལ་སྤྱིའི་ཕམ་སི་ཕུ་རུན་གློག་བརྙན་དུས་སྟོན་མཛད་རིམ་ནས་ཕྱིར་འཐེན་བྱེད་དགོས་བྱུང་བའི་དོན་རྐྱེན་སོགས་ཉེ་བའི་མདུན་ཕྲག་ནང་དྲ་ངོས་དེ་རུ་ཚ་ཚ་འུར་འུར་དུ་གྱུར་ཡོད་པའི་སྟབས་ཀྱིས་རེད་འདུག
གཞན་ཡང་རྒྱ་གཞུང་གིས་དེ་སྔ་ཕེ་སི་བྷུག(FaceBook)ཐོག་ཡུ་གུར་རིགས་ཀྱི་རང་བཙན་འཐབ་རྩོད་པ་ཁའེ་ཌིར་ལགས་ཀྱི་རྒྱ་གཞུང་ལ་རྒོལ་བའི་བརྡ་འཕྲིན་ཁག་རྩིས་བཤེར་བྱེད་ཐུབ་པ་ཧ་གོ་མ་ཐག དྲ་གནས་དེ་བཀག་སྡོམ་དམ་དྲག་བྱས་ཡོད་འདུག་ལ། རྒྱ་གཞུང་རང་ཉིད་ཀྱི་གསལ་བསྒྲགས་དང་གསར་འགྱུར་ལས་གཞུང་དང་རྒྱབ་གཏོད་ཀྱི་གནས་ཚུལ་དག་མཁོ་བསྒྲིགས་བྱེད་པ་བཀག་འགོག་བྱ་སླད། ཡུ་ཊུབ་(YouTube) དང༌ ཊིའུ་ཊེར་(Twitter)གཉིས་ཀྱང་རྒྱ་ནག་ནང་བེད་སྤྱོད་བཏང་མི་ཐུབ་པ་བཟོས་ཡོད་འདུག
༼ཤི་གསོན་གྱི་གྲོང་ཁྱེར་༽ཞེས་པའི་གློག་བརྙན་ནི་དེ་སྔ་༡༩༣༧ལོར་ཉི་ཧོང་གིས་རྒྱ་ནག་སྐམ་ས་ཆེན་མོར་བཙན་འཛུལ་བྱེད་སྐབས་ནན་ཅིན་གྲོང་ཁྱེར་ནང་ཉེས་མེད་མི་སེར་སྡེབ་གསོད་བཏང་བའི་སྐོར་རེད་ལ། ༼མགྱོགས་མགྱོགས་དལ་མོ༽་ནི་རྒྱའི་མི་དམངས་དཀྱིས་མ་སྐོར་ཞིག་ཞབས་བྲོའི་འགྲན་བསྡུར་ཞིག་གི་ནང་མཉམ་ཞུགས་བྱས་པའི་སྐོར་གྱི་དགོད་བྲོའི་གློག་བརྙན་ཞིག་རེད་འདུག དེ་བཞིན་བོད་ཀྱི་༼སྤྲིན་རྒྱབ་ཀྱི་ཉི་མ༽་ཞེས་པའི་དངོས་བྱུང་གློག་བརྙན་དེ་ནི་བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་གི་སྐུ་རྗེས་སུ་ལོ་གཅིག་ལ་འབྲངས་ཏེ་བཟོ་བསྐྲུན་བྱས་པ་ཞིག་རེད་ཅིང༌། གློག་བརྙན་དེའི་ནང་སྔར་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་དང༌། རྒྱ་གར་ནང་གི་ཞི་བའི་གོམ་བགྲོད་ལས་འགུལ། ༢༠༠༨ལོའི་པེ་ཅིན་ཨོ་རྩེད་འགྲན་ཚོགས། བོད་རྒྱའི་འབྲེལ་མོལ་གྱི་རྒྱུན་ཆད་སྟངས་སྐོར་གྱི་དངོས་བྱུང་གནས་ཚུལ་ཁག་ཅིག་འཁོད་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།