དབུ་མའི་ལམ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཟླར་གྱུར་ཡོད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༡༨ཉིན་སྤེལ། ཁ་སང་སྤྱི་ཟླ་༡༢པའི་ཚེས་༡༧ཉིན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་བསྟི་གནས་ཞེས་པའི། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའི་བློན་ཆེན་གཞོན་པ་ཀྲུའུ་ཝན་ཆུན་ལ་བཅའ་འདྲི་བྱས་སྐབས། ཁོང་གི་༧གོང་ས་མཆོག་དང་གང་ཉིད་ཀྱི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རྣམ་གཉིས་ནི། རྫུན་གཏམ་གསུང་མཁན་དང་ཁ་བྲལ་རིང་ལུགས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

སྤྱི་ཟླ་༡༢པའི་ཚེས་༨ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཞིག་གིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲུའུ་ཝན་ཆུན་ལ་བོད་རྒྱ་འབྲེལ་མོལ་སྐོར་བཅའ་འདྲི་ཞིག་བྱས་སྐབས། ཁོང་གིས་༼ཏ་ལའི་བླ་མས་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱེད་ཚར་བ་རེད་༽ཅེས་ངས་བཤད་མི་ཐུབ་ཅེས་འགྲེལ་བརྗོད་བྱས་ཡོད་འདུག་པ་དང༌། དེ་རྗེས་སྤྱི་ཟླ་༡༢པའི་ཚེས་༡༠ཉིན་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་རིན་པོ་ཆེས་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་མ་ཚད། ཀྲུའུ་ཝན་ཆུན་གྱི་བསྒྲགས་གཏམ་ལ་ལན་འདེབས་ཀྱང་གནང་ཡོད་པ་རེད།

ཀྲུའུ་ཝན་ཆུན་གྱིས་ཡང་བསྐྱར་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ཡོད་པ་དང༌། ཉེ་ཆར་སྤྱི་ཟླ་༡༢པའི་ཚེས་༢ཉིན་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིང་དུ་ཕེབས་སྐབས། གང་ཉིད་ལ་བཅའ་འདྲིའི་གསུང་བཤད་ནང༌། སྤྱི་ལོ་༢༠༠༦ནས་རྒྱ་ནག་གཞུང་དང་འབྲེལ་མོལ་ཐེངས་༥པའི་སྐབས་སུ་ནས། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པ་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་རིན་པོ་ཆེས། ༧གོང་ས་མཆོག་གིས་རང་བཙན་རྩོད་གླེང་གནང་གི་མེད་པའི་སྐོར་འབྲེལ་བརྗོད་བྱས་ཡོད་པ་ཁོང་ཚོས་ཀྱང་གསལ་པོ་ཤེས་བཞིན་ཡོད་པ་རེད།

ཀྲུའུ་ཝན་ཆུན་གྱིས་ཁུངས་ལྡན་གྱི་དཔངས་རྟགས་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་གིས་ཞལ་རྫུན་གསུངས་གི་འདུག་ཅེས་སྐྱོན་བརྗོད་བྱེད་ས་གཙོ་བོ་དེ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་རང་བཙན་དང་། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་ཟེར་བ་སོགས་ཡིན་པ་དང་། གཞན་ཡང་ཁོང་གིས་དབུ་མའི་ལམ་དང་ས་གནས་རང་སྲིད་རང་སྐྱོང་ནི་རྒྱ་ནག་གཞུང་གིས་རྩ་ཁྲིམས་དང་འགལ་ཟླར་གྱུར་ཡོད་ཟེར་བ་དེ་རེད། འདི་ལོ་སྔ་མོ་ནས་བཙན་བྱོལ་བོད་གཞུང་གིས་ཚིག་ཐོ་ཡིག་ཆ་ཞིག་སྤྲད་པ་དེ་ལ་ཁོང་གིས་ལན་འདེབས་སོགས་གང་ཡང་བྱས་མེད་དུས། དེ་ནི་སླར་ཡང་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་མེད་པའི་རྣམ་པ་ཞིག་རེད།

རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་འཛིན་པའི་སྲིད་བྱུས་དེ་གསལ་པོ་ཞིག་དང་ད་དུང་འགྱུར་བ་མེད་པ་ཞིག་རེད། དེ་ཡང་ཀྲུའུ་ཝན་ཆུན་གྱིས་གལ་སྲིད་སྐུ་ངོ་རྒྱལ་རི་ལགས་ཀྱིས་མུ་མཐུད་ནས་༼ཕྱེད་རང་བཙན་༽དང་༼མངོན་གསལ་མེད་པའི་རང་བཙན་༽སོགས་གཡོ་སྒྱུ་བྱས་ཚེ། མ་འོངས་པའི་གྲུབ་འབྲས་ལ་འགྱུར་ལྡོག་གང་ཡང་འགྲོ་མི་སྲིད་ཅེས་བསྒྲགས་གཏམ་སྤེལ་ཡོད་འདུག

རྒྱ་ནག་གཞུང་གིས་ན་ནིང་སྤྱི་ལོ་༢༠༠༨ཟླ་༣པའི་ནང་ཞི་རྒོལ་བྱས་པ་ནས་བཟུང༌། ༧གོང་ས་མཆོག་དང་བོད་མི་རྣམས་ཀྱི་ཕྱོགས་ལ་སྲིད་ཇུས་འཛིན་སྟངས་དེ་འགྱུར་བ་ཤུགས་ཆེར་ཕྱིན་ཡོད། འོན་ཀྱང་དེ་སྔོན་སྤྱི་ལོ་༢༠༠༦ཙམ་ལ་ཕྱིར་བལྟས་བྱེད་པ་ཡིན་ན། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཚོའི་རང་སྲིད་རང་སྐྱོང་གི་དགོས་འདུན་ལ་ཏོག་ཙམ་ཉན་འཇོག་བྱེད་ཀྱི་ཡོད་པས་མ་ཚད། ༧གོང་ས་མཆོག་ལ་ཁ་བྲལ་རིང་ལུགས་པ་ཞེས་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་མ་རེད།

དོ་སྣང་བྱེད་དགོས་པ་ཞིག་ལ་རྒྱུན་དུ་༧གོང་ས་མཆོག་གིས་མི་མང་ལ་བཀའ་སློབ་གནང་སྐབས། གང་ཉིད་ཀྱིས་ངོས་ཀྱི་བསྒྲུབ་བྱའི་སྙིང་པོ་ནི་ཆོས་ཕྱོགས་ལས་ཆབ་སྲིད་མ་ཡིན་ཞེས་གསུངས་བཞིན་ཡོད་པ་རེད། དེ་བཞིན་གང་ཉིད་ཀྱི་དགོས་འདུན་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྟེ། གཏམ་བརྗོད་རང་དབང་དང༌། ཆོས་སྡེ་རང་མོས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་ཚུད་པའི་ས་གནས་རང་སྲིད་རང་སྐྱོང་ལས། རྒྱ་ནག་ལས་རང་བཙན་གང་ཡང་གསུངས་ཀྱི་ཡོད་པ་མ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༢༢༠༠༩༡༨༤༧
ལི་ཐང་བློ་བསྟན།
ཆབ་སྲིད་ཀྱི་ལུགས་ལ་ཡང་དཀྱིལ་དང་དཀྱིལ་མིན་པའི་རྣམ་གཞག་དེ་ཇི་འདྲ་ཞིག་ཡིན་ནམ།
ང་ཚོ་བོད་མི་རྣམས་ཐོག་མར་རྒྱ་གར་དུ་ཡོངས་སྐབས། ངར་ཤུགས་ཆེན་པོས་བོད་རང་བཙན་ཟེར་བ་ལས་དབུ་མའི་ལམ་དང་། རང་སྲིད་རང་སྐྱོང་། ཆེས་མཐོའི་རང་སྐྱོང་སོགས་འབུ་གྲོག་མའི་སྐད་སྒྲ་ཙམ་ཡང་གོ་རྒྱུ་མེད། སྐབས་དེ་དུས་རྒྱ་ནག་ཕྱོགས་ནས་ཀྱང་ང་ཚོ་ལ་ཚུར་བསྟུན་མཁས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྗེས་སུ་ང་ཚོའི་ཕྱོགས་ནས་རྒྱ་མིའི་གཡོ་སྒྱུ ༼ རང་བཙན་མིན་པའི་སྐད་ཆ་ག་རེ་ཡིན་ན་ང་ཚོས་གྲོས་མོལ་བྱེད་ཆོག ༽ཅེས་པའི་འཆལ་གཏམ་གྱིས་གཡོ་འོག་ཏུ་ཚུད་དེ། སྐས་འཛེགས་གཅིག་མར་བབས་པར་བརྟེན་ལྷག་བསམ་དང་། སེམས་ཤུགས་ཅན་མང་པོ་ཞིག་སེམས་ཤུགས་ཆག་ཡོད་པ་མ་ཟད། གནས་ཚུལ་དེ་ལ་བརྟེན་ནས་ཁ་ཤས་བོད་གཞུང་དང་ཁ་ཐེག་ཏུ་ལངས་དགོས་ཡང་བྱུང་མྱོང་ཡོད།
དེ་ནས་རྒྱ་མིས་ང་ཚོའི་ལངས་ཕྱོགས་སྲ་བརྟན་མེད་པར་རྟོགས་ཏེ། ང་ཚོའི་སྐས་འཛེགས་མར་ག་ཚོད་ཕབ་ཀྱང་། རྒྱ་སྤྲང་ཁོང་ཚོ་མཁྲེགས་རེ་འགྲོ་ཡོད་པ་ནི། ན་ནིང་སོགས་ཀྱི་རྡུང་གསོད་བཙོན་གསུམ་གྱིས་བྱེད་སྟངས་དང་། དབུ་མའི་ལམ་ལ་འགྲེལ་བཤད་དང་ཡང་འགྲེལ་ག་ཚོད་བརྒྱབ་ཀྱང་ཁོང་ཚོའི་ཕྱོགས་ནས་དེ་ལས་ལྡོག་སྟེ། ༸གོང་ས་མཆོག་ལ་ད་དུང་ཡང་མཚན་སྨད་དང་། དབུ་མའི་ལམ་དང་། རང་སྲིད་རང་སྐྱོང་སོགས་ལ་ལོག་འགྲེལ་རྐྱང་རྐྱང་གིས་རྒྱང་སྒྲོག་བྱེད་བཞིན་པར་ལྟར་ན། དངོས་གནས་ང་ཚོ་སྐས་འཛེགས་མར་བབས་པ་དེ་ཕལ་ཆེར་ནོར་མིན་འགྲོ་ཡང་ཡང་དྲན་གྱི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།