དགོངས་ཚུལ།

བོད་ཀྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ན་འཚེ་མེད་ཞི་བར་རྒྱལ་ཁ་ཐོབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༡༡ཚེས་༥ཉིན་སྤེལ། བོད་མིའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ན་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན་ཞེས་ཟླ་འདིའི་ཚེས་༣ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུངས་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་འདུག

President-Tibet-India-Peace-2017སྲིད་སྐྱོང་མཆོག་གིས་གོང་ཚེས་ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊི་མཐོ་སློབ་ Guwahati university ཀྱི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་༡༠༠༠བརྒལ་བར་གསུང་བཤད་གནང་ཡོད་པ་དང་སྐབས་དེར་མ་འོངས་བོད་ཀྱི་གནད་དོན་ཐོག་རྒྱ་གར་གྱི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག སྲིད་སྐྱོང་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་རིང་ལུགས་ཀྱི་བསམ་བློ་དང་གུ་ཡངས་ཀྱི་བསམ་བློ་རིམ་བཞིན་ཉམས་གུད་དུ་ཕྱིན་ནས་མཐར་ལྷུང་བའི་རྒྱལ་ཞེན་གྱི་བསམ་བློ་དང༌། འཇིགས་སྐུལ་དྲག་སྤྱོད་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག་རྒྱལ་ཞེན་གྱི་བསམ་བློ་དེ་འཚེ་བ་དང་འབྲེལ་ནས་འགྲོ་བཞིན་ཡོད་པའི་གནས་སྟངས་དེར་གུ་ཡངས་དང་རྒྱལ་སྤྱིའི་བསམ་བློའི་ཐོག་ནས་གདོང་ལེན་བྱེད་ཐུབ་ཚེ་འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་བསྐྲུན་ཐུབ་རྒྱུ་རེད། ཅེས་གསུངས།

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་ཐོན་པར་གཞིགས་ན། དེང་སྐབས་རྒྱ་དཀར་ནག་གཉིས་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཐོན་བཞིན་ཡོད་པའི་སྐབས་འདིར་ཡུལ་དེ་གཉིས་ཀྱི་གནས་སྟངས་མི་འདྲ་བའི་ཐོག་དེ་བཞིན་སྲིད་སྐྱོང་མཆོག་ནས་གསུང་དོན།  རྒྱ་ནག་གཞུང་གིས་ཡར་རྒྱས་བྱུང་ན་མང་གཙོ་མེད་ཀྱང་ཆོག  ཅེས་པའི་ལངས་ཕྱོགས་འཛིན་ནས་འགྲོ་བཞིན་ཡོད་ཀྱང་རྒྱ་དཀར་ལྟ་བུར་མཚོན་ན། མང་གཙོ་དང་ཡར་རྒྱས་ཟུང་འབྲེལ་ཐོག་ནས་འགྲོ་བཞིན་ཡོད་སྟབས་རྒྱ་གར་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་པའི་ལམ་བུ་དེ་རྒྱུ་མཚན་ལྡན་པ་ཞིག་རེད།  ཉེ་ལམ་མཇུག་སྒྲིལ་བྱས་པའི་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་ ༡༩ ཟེར་བ་འཚོགས་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ Xi Jinping གིས་རྒྱ་ནག་རྒྱ་སྐྱེད་ཀྱི་དུས་རབས་གསར་པའི་ཐོག་གོམ་པ་སྤོ་བཞིན་ཡོད་སྐོར་བཤད་པ་ལྟར། ཉེ་ལམ་འབྲོག་ལམ་ས་མཚམས་ཀྱི་རྩོད་རྙོག་དང༌།  དར་གོས་འགྲུལ་ལམ་གསར་པའི་ Belt and Road ལས་གཞི་ཟེར་བ་སྤེལ་བ་དེས་རྒྱ་སྐྱེད་ཀྱི་འཐབ་བྱུས་ཇི་ཡིན་ཧ་ཅང་གསལ་པོར་མཚོན་ཐུབ།

ཁུང་ཙི་རིང་ལུགས་ Confucius ཀྱི་རྒྱ་སྐྱེད་ལྟ་གྲུབ་གཞི་རྩར་འཛིན་ནས་འཐབ་བྱུས་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་དུས་རབས་གསར་པའི་ཤུགས་རྐྱེན་དེ་འཛམ་གླིང་ས་ཕྱོགས་གང་སར་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་ནང་ཧ་ཅང་གསལ་པོ་རེད།

ཕི་ལི་ཕིན་ Philippines ཁུལ་གྱི་གླིང་ཕྲན་བདག་དབང་གི་རྩོད་རྙོག་དང༌།  ཨ་རུ་ནཱ་ཅལ་དང་ལ་དྭགས་ས་མཚམས་ཐོག་རྒྱ་དཀར་ནག་གཉིས་ཀྱི་རྩོད་གླེང་བྱུང་བའི་གནད་དོན་དེ་དག་དཔེ་མཚོན་འགའ་ཤས་ཡིན།   དེར་བརྟེན་འཛམ་གླིང་རྒྱལ་ཁབ་ཚོས་བོད་ཀྱི་གནས་སྟངས་ནས་བློ་སྐྱེད་བསླང་སྟེ་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་གྱི་མགོ་བསྐོར་སླུ་ཁྲིད་འོག་མ་ཚུད་པ་གནང་དགོས།

དེ་སྔ་ལོ་ངོ་ ༦༠ སྔོན་བོད་ནང་གང་བྱུང་བའི་གནས་སྟངས་དང་གཅིག་མཚུངས་དེང་སྐབས་འཛམ་གླིང་ཁྱོན་དུ་རྒྱ་ནག་གི་ཤུགས་རྐྱེན་འོག་དཀའ་ངལ་་འཕྲད་བཞིན་ཡོད།  རྒྱ་མི་བོད་དུ་ཐོག་མར་འཛུལ་སྐབས་ཞི་བདེ་དང་ཡར་རྒྱས་ཁ་ལ་འཁྱེར་ནས་བསླེབས་ཡོད།  འོན་ཀྱང་ཕྱིས་སུ་ཡ་ང་སྙིང་རྗེ་རྩ་བ་ནས་མེད་པར་བོད་མིའི་ཐོག་དྲག་པོའི་དབང་སྒྱུར་བྱས་ཡོད།

རྒྱ་མིས་བོད་དུ་བཙན་འཛུལ་བྱེད་སྐབས་ཐོག་མར་ལམ་བཟོ་ནས་འགོ་བཙུགས་ཡོད། དེ་ནས་དམག་མིའི་རླངས་འཁོར་ནང་མེ་མདའ་དང་མེ་སྒྱོགས་འཁྱེར་ནས་བོད་དབང་སྒྱུར་བྱེད་སྐབས་བོད་མི་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད།  དེང་སྐབས་རྒྱ་ནག་གིས་རྒྱལ་ཁབ་མང་པོའི་ནང་ལམ་བཟོ་དང་ཚོང་འབྲེལ་མ་འཛུགས་བྱེད་བཞིན་པ་མ་ཟད། ཆབ་སྲིད་འགོ་ཁྲིད་དང་དབང་འཛིན་པ་རྣམས་ལ་དངུལ་དངོས་ཀྱི་ལྐོག་རྔན་སོགས་སྤྲོད་བཞིན་ཡོད།  བོད་ནང་ཐོག་མར་བྱ་སྤྱོད་དེ་མཚུངས་ལག་བསྟར་བྱས་པ་རེད།

བློ་ཕམ་པ་ཞིག་ལ་རྒྱ་མིས་བོད་ས་བཙན་འཛུལ་བྱེད་སྐབས་རྒྱལ་ཁབ་སུས་ཀྱང་བོད་མིར་རྒྱབ་སྐྱོར་བྱེད་མེད། དེར་བརྟེན་ད་ཆ་རྒྱ་ནག་ལ་རྒྱ་སྐྱེད་བྱ་རྒྱུའི་གདེང་ཚོད་རྙེད་ཡོད།  བོད་མིར་རྒྱབ་སྐྱོར་མ་གནང་བ་དེ་བཟང་སྤྱོད་དང་འགལ་བ་མ་ཟད།  ནོར་འཁྲུལ་ཚབས་ཆེ་ཞིག་ཀྱང་རེད།  གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་ཡོད་ན་ད་ཚོད་རྒྱ་ནག་ལ་རྨོངས་པའི་ང་རྒྱལ་དེ་ཙམ་སྐྱེ་རྒྱུ་མ་རེད།

བོད་མིའི་འཐབ་རྩོད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཚེ་མེད་ཞི་བ་དང་དྲང་བདེན་ལ་ཡིད་ཆེས་ཇི་ཙམ་ཡོད་མེད་ཚོད་ལྟ་བྱེད་ས་ཞིག་ཡིན། བོད་མིར་ངེས་པར་དུ་རྒྱལ་ཁ་ཐོབ་དགོས། གང་ཡིན་བརྗོད་ན་བོད་མིའི་འཐབ་རྩོད་དེ་བཟང་སྤྱོད་དང་མཐུན་པ་ཙམ་མ་ཟད། འཚེ་མེད་ཞི་བའི་ལྟ་གྲུ་ལ་གཞི་བཅོལ་བའི་འཐབ་རྩོད་ཅིག་ཡིན།

འཚེ་བའི་ལས་འགུལ་སྤེལ་སྐབས་དྲིལ་བསྒྲགས་ཤུགས་ཆེ་འགྲོ་བཞིན་ཡོད་ཀྱང་འཚེ་མེད་ཞི་བའི་ལས་འགུལ་གྱི་འབོད་སྒྲར་སྣང་ཆུང་གཏོང་བཞིན་ཡོད་སྟབས་འཚེ་བའི་ལས་འགུལ་མ་སྤེལ་ན་འཚེ་མེད་ཞི་བར་ནུས་པ་འཐོན་རྒྱུ་མིན་འདུག་བསམ་པའི་བརྡ་ལན་ལོག་པ་ཞིག་གཏོང་བཞིན་ཡོད།  ང་ཚོས་བརྡ་ལན་ལོག་པ་དེ་འདྲ་ཞིག་མ་ཡོང་བ་བྱས་ནས་བོད་མིའི་འཐབ་རྩོད་ལ་རྒྱལ་ཁ་སྦྱིན་ཏེ་འཚེ་མེད་ཞི་བའི་ལས་འགུལ་གྱི་གྲུབ་འབྲས་མིག་དཔེར་འོས་པ་ཞིག་བཟོ་ཐུབ་དགོས།  དེ་འདྲ་བྱུང་ན་འཚེ་མེད་ཞི་བའི་ལས་འགུལ་ལ་ཡིད་ཆེས་མུ་མཐུད་གནས་ཐུབ་རྒྱུ་རེད། ཅེས་སོགས་ཀྱི་གསུང་བཤད་གནང༌།

དེ་རྗེས་སྲིད་སྐྱོང་མཆོག་གིས་ཨ་སཱམ་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར་བཅས་གཅིག་ལྕོགས་བློན་ཆེན་སྐུ་ཞབས་ཧི་མན་ཏ་བྷིསྭ་ཤརྨ་ Himanta Biswa Sarma མཆོག་དང་མཇལ་འཕྲད་གནང་ནས་བོད་མིའི་འཐབ་རྩོད་དང་བོད་དོན་སྐོར་གླེང་སློང་གནང་འདུག་པ་བཅས།།

གསར་འགོད་པ་ཡེ་ཤེས་ཆོས་བཟང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།