དགོངས་ཚུལ།

༧གོང་ས་མཆོག་གིས་ཡུ་རོབ་རྒྱལ་ཁབ་བཞི་རུ་མཛད་འཕྲིན་བསྐྱང་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༠༦ཉིན་སྤེལ། འདི་ཟླའི་ཕྱི་ཚེས་༨ཉིན་ནས་༧གོང་ས་མཆོག་ཨིན་ཡུལ་དང་ཇར་མན་ནི།  ཨེ་ཊ་ལི།  ལ་ཏི་ལྦི་ཡ་བཅས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་རླབས་ཆེན་གྱི་མཛད་འཕྲིན་བསྐྱང་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་འདུག

དེ་ཡང་རྒྱལ་བ་རིན་པོ་ཆེ་དྲ་བར་འཁོད་པའི་མཛད་འཆར་ལྟར་ན། ཕྱི་ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་གནམ་ཐང་ནས་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། ཕྱི་ཚེས་ ༡༠ ཉིན་འཁྲུག་རྩོད་ནང་ཚུད་པའི་བྱིས་པ།  Children in Crossfire ཞེས་པའི་ ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བྱང་ཕྱོགས་ཨ་ཡིར་ལེན་ཌིའི་རྒྱལ་ས་ལོན་ཌོན་ཌེ་རེ་ Londonderry  ཞེས་པར་བྱམས་རྩེའི་ཉམས་ལེན་ Compassion in Action ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་།

ཕྱི་ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཇར་མན་གྲོང་ཁྱེར་ཕེ་རེངྐ་པོཌ་ Frankfurt བོད་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཇའོ་རན་རྡི་ཧལ་ Jahrhunderthalle ཚོམས་ཆེན་དུ་ཐུན་མོང་གིས་སྤྱོད་པའི་གོ་ལའི་སྤྱོད་བཟང་ Global Ethics – Shared Values གི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་མ་ཟད།

ཕྱི་ཚེས་་ ༡༤ ཉིན་གྲོང་ཁྱེར་དེ་གའི་ཚོོམས་ཆེན་དེ་རང་དུ་ཉིན་གཅིག་རིང་ནུབ་ཕྱོགས་ཀྱི་ཚན་རིག་དང་ནང་པའི་ལྟ་ཚུལ་ Western Science and Buddhist Perspectives  ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཞུགས་མཛད་རྗེས་ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཨི་ཊ་ལིའི་ནང་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་གྲོང་ཁྱེར་སི་སི་ལི་ Sicily མངའ་སྡེའི་ནང་གི་གནའ་བོའི་ཟློས་གར་འཁྲབ་སྟོན་ཁང་གྲགས་ཅན་ཊཱོར་མི་ནཱ་ Taormina ཞེས་པ་དེར་ཞི་བདེའི་སྐོར་བཀའ་སློབ་སྩལ་རྒྱུ་དང་།

དེ་བཞིན་ཕྱི་ཚེས་ ༡༧ ཉིན་བྱམས་བརྩེའི་ཀུན་སློང་གཞི་རྩར་འཛིན་པའི་ལུས་ངག་གི་སྤྱོད་ཚུལ་བསྟེན་ཕྱོགས་དང་།  རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་སྐོར་མང་ཚོགས་བཀའ་སློབ་དང་། ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཨི་ཊ་ལིའི་སི་སེ་ལའེ་མངའ་སྡེའི་རྒྱལ་ས་ Palermo  ཞེས་པར་ཤེས་ཡོན་ལ་སྤྲོ་སྣང་ Joy Education ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག

གཞན་ཡང་ཕྱི་ཚེས་ ༡༩ ཉིན་རྒྱབ་ཨི་ཊ་ལིའི་སྒྱུ་རྩལ་རིག་གནས་ཕུལ་བྱུང་དར་ས་ཡུ་རོབ་ཙམ་མ་ཟད། འཛམ་གླིང་ཁྱོན་དུ་ཧ་ཅང་གྲགས་ཆེ་བ་གྲོང་ཁྱེར་ཕོ་ལོ་རེན་སི་  Florence ཞེས་པས་གོ་སྒྲིག་ཞུས་དོན་ལྟར་ཤེས་ཡོན་སློབ་གསོ་བརྒྱུད་ཞི་བདེ་གོང་སྤེལ་ Peace through Education ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་།   གྲོང་ཁྱེར་དེ་ནི་ཨི་ཊ་ལིའི་ཊ་སི་ཀ་ནི་  Tuscany མངའ་སྡེའི་རྒྱལ་ས་ཡིན་འདུག

དེ་བཞིན་ཕྱི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་ཨི་ཊ་ལིའི་ཊ་སི་ཀ་ནི་  Tuscany མངའ་སྡེའི་ཕེ་སཱ གྲོང་ཁྱེར་དུ་པི་ས་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པའི་ཆོས་ཚོགས་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་པི་ས་ཚོགས་ཁང་དུ་ Pisa Congress Hall  ནང་པའི་ཚན་རིག་དང་དེང་རབས་ཚན་རིག་ལས་ནང་པའི་ལྟ་གྲུབ་དང་ཚན་རིག  དབང་རྩའི་ཚན་རིག  ཚད་རྡུལ་དངོས་ཁམས་རིག་པ། ནུབ་ཕྱོགས་ལྟ་གྲུབ་བཅས་ཀྱི་ཚོགས་འདུར་དབུ་བཞུགས་མཛད་རྒྱུ་ཡིན་འདུག

དེ་བཞིན་ཕྱི་ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་ལ་ཏི་ཝི་ཡའི་རྒྱལ་ས་རི་གྷ་ནང་དུ་སི་ཁོན་ཊོ་ཚོགས་ཁང་ Skonto Hall  དུ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་སྩལ་རྒྱུ་མ་ཟད།

ཕྱི་ཚེས་ ༢༥ ས་གནས་དེ་རང་དུ་རྒྱལ་མཚམས་མེད་པའི་མཐུན་སྒྲིལ་ Harmony Without  Boundaries ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྗེས་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།