དགོངས་ཚུལ།

ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོ་ནི་སེམས་པ་བཟང་པོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༩།༠༡ཉིན་སྤེལ། དུད་འགྲོར་རྣམ་དཔྱོད་ཀྱི་ཤེས་རབ་མེད་ཙང་བྱེད་རྒྱུ་ཅི་ཡང་ཡོད་པ་མ་རེད་མོད། མི་ཞིག་ཡིན་ཕྱིན་བསམ་གཏོང་སྟངས་སུ་དོ་སྣང་བྱས་དང་མ་བྱས་ཡིན་པས་ན། སེམས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་རེད། ཅེས་བཀའ་སྩལ་སོང་།

Tibet-His-Holiness-Dharamshsala-Teaching-ASIA-2017འདི་ཟླའི་ཕྱི་ཚེས་༢༩ ནས་ཟླ་ ༩ བའི་ཚེས་ ༡ བར་ཉིན་གྲངས་བཞིའི་རིང་། བཞུགས་སྒར་ངྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་ངྷི་ནེ་ཤི་ཡ། ཀོ་རུ་ཡ། མཱ་ལེ་ཤེའུ་ཡ། སངྒ་པོར། ཐའེ་ལན་ཌི། ཝེ་དི་ནམ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བར། ༧གོང་ས་མཆོག་གིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་ཀྱི་བཀའ་དྲིན་རབ་ཏུ་སྩལ་ཏེ། ཉིན་མཐའ་མའི་ཉིན་གྱི་གསུང་ཆོས་སྐབས་སུ་བྱང་ཆུབ་སེམས་དཔའི་སྡོམ་པའི་འབོག་ཆོག་གནང་བ་དང་འབྲེལ་བའི་བཀའ་སློབ་མདོར་བསྡུས་ནི།
"དེ་རིང་ནི་ཆོས་འབྲེལ་གྱི་ཉིན་མཐའ་མ་ཡིན་པས་ན་སེམས་བསྐྱེད་སྐོར་ཡིན། ཁ་སྔོན་གོང་ནས་ཞུས་པ་བཞིན་དུ། ཆོས་ཞེས་པ་ནི་བདེ་སྐྱིད་སྒྲུབ་བྱེད་ཅིག་དང་། སངས་རྒྱས་པའི་ཆོས་ཀྱི་ནང་དུ་སྡུག་བསྔལ་གྱི་རྩ་བ་ནི་སེམས་ལ་ཐུག་པ་ཡིན་པས་ན། བདེ་སྐྱིད་ཀྱི་རྩ་བ་ཡང་སེམས་སུ་ཐུག་ཡོད་པར་གསུང་ཀྱི་ཡོད་ཅིང་། ལུས་བདེ་ཐང་ཡོང་བར་ཕྱིའི་དངོས་ཁམས་ཀྱི་གནས་སྟངས་ཤེས་པའི་ཐོག་ཆ་རྐྱེན་སྒྲུབ་དགོས་ཀྱི་ཡོད་པ་རེད། དེ་ནང་བཞིན་དུ་སེམས་ཀྱི་བདེ་སྡུག་གི་ཚོར་བ་ནི་ཤུགས་ཆེན་པོ་ཞིག་ཡོད་ཅིང་། དེ་ནི་མིའི་ཀླད་པ་དང་འབྲེལ་སྟེ་རྣམ་རྟོག་འདྲ་མིན་ཡོང་གི་ཡོད་པས་ན་རྙོག་དྲ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན་སེམས་ཀྱི་འགྲོ་སྟངས་ཤེས་པའི་ཐོག་ནས་སེམས་སུ་ཞི་བདེ་བསྐྲུན་རྒྱུ་ནི་གལ་ཆེན་པོ་རེད། དུད་འགྲོར་རྣམ་དཔྱོད་ཀྱི་ཤེས་རབ་མེད་ཙང་བྱེད་རྒྱུ་ཅི་ཡང་ཡོད་པ་མ་རེད་མོད། མི་ཞིག་ཡིན་ཕྱིན་བསམ་གཏོང་སྟངས་སུ་དོ་སྣང་བྱས་དང་མ་བྱས་ཡིན་པས་ན། སེམས་ཀྱི་འཕྲོད་བསྟེན་གལ་ཆེན་པོ་རེད།"ཅེས་དང་།

གཞན་ཡང་"རང་དོན་སྒྲུབ་པའི་མཐར་ཐུག་པ་ནི་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དང་གཞན་དོན་སྒྲུབ་པའི་མཐར་ཐུག་ཡང་བྱང་ཆུབ་སེམས་སྒོམ་རྒྱུ་དེ་རེད། གང་ལྟར་རང་གཅེས་འཛིན་ལ་སྐྱོན་དུ་བལྟས་ཏེ་ཤུགས་ཆུང་རུ་གཏོང་བ། གཞན་གཅེས་འཛིན་ཡོན་ཏན་དུ་བརྩིས་ཏེ་གོང་ནས་གོང་དུ་སྤེལ་བའི་བློ་ཞིག་མེད་པར། མི་ཚེ་གང་བོར་རང་གཅིག་པོར་བསམ་བློ་བཏང་སྟེ་རང་གཅེས་འཛིན་ཁོ་ནར་བསམ་ན། བཀྲ་མི་ཤེས་པ་ཤ་སྟག་ཡོང་བ་གསལ་བོ་འདུག ང་ཚོའི་མཐོང་ཆོས་སུ་མིའི་སྤྱི་ཚོགས་སུ་རྙོག་དྲ་ལུང་པ་བཀང་ཡོང་དགོས་དོན་ནི་རང་གཅེས་འཛིན་གྱིས་བཟོ་ཡི་ཡོད་པ་ཁ་སྔོན་གྱང་བཀའ་མོལ་བྱུང་བ་རེད། དེ་བས་ན། བྱང་ཆུབ་སེམས་ཟེར་བ་དེ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ག་འདྲ་ཞིག་ཡིན་ཀྱང་རུང་། བྱང་ཆུབ་སེམས་ཀྱི་མ་རྩ་ནི་སེམས་པ་བཟང་པོ་བྱེད་པ་དང་དེ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། ཆོས་མེད་ན་ཡང་། ཆོས་ཀྱི་གོ་བ་བླངས་ནས་བསམ་པ་བཟང་པོ་བྱས་ན་སྐྱིད་པོ་ཡོང་གི་རེད།"ཅེས་དང་།

ཡང་"བྱང་ཆུབ་ཀྱི་སེམས་ལ་སྔོན་དུ་ཐོས་བསམ་གྱི་གོ་བ་ཞིག་བླངས། དེ་རྗེས་ཉིན་རེ་བཞིན་དུ་བསམ་བློ་ཡང་ནས་ཡང་དུ་བཏང་སྟེ་རྒྱ་བསྐྱེད་དགོས་པ་རེད། ཚན་རིག་གིས་ཀྱང་སེམས་པ་བཟང་པོ་ཡོད་པའི་མི་དེ་ནི་མི་སུ་ཡིན་རུང་དགའ་བོ་བྱེད་ས་ཞིག་དང་། སེམས་པ་ངན་པའི་ངང་བསྡད་པ་ཡིན་ན། མི་སུ་ཡིན་རུང་ཕར་གཡོལ་སྟེ་བསྡད་ཀྱི་ཡོད་པ་ཞིག་རེད། མི་ཞིག་ཡིན་ཕྱིན་ཚེ་ཕྱི་མའི་སྐད་ཆ་མ་རེད། ཚེ་འདི་ལ་ཡང་གྲོགས་པོ་ནི་དགོས་ཀྱི་འདུག གཉེན་དགོས་ཀྱི་འདུག དེ་དག་ཡོང་བར་རྒྱུ་དངོས་པོས་གཉེན་བཟོ་ཐུབ་པ་མ་རེད་ལ། གཏམ་སྙན་གྲགས་ཀྱིས་གཉེན་བཟོ་ཐུབ་པ་མ་རེད། སྟོབས་ཤུགས་ཀྱིས་གཉེན་བཟོ་བ་ཁག་པོ་རེད། སེམས་པ་བཟང་པོ་ཡོད་ན་གཉེན་ཡོང་གི་རེད། གཞན་ཕན་གྱི་བློ་ཞིག་ཡོད་ན་དངོས་ནས་གྲོགས་པོ་མང་པོ་ཡོང་གི་རེད། དེ་བས་སེམས་པ་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གིས་གལ་ཆེན་ཞིག་རེད།"ཅེས་དང་།

Tibet-His-Holiness-Dharamshsala-Teaching--ASIA-2017ད་རུང་"ང་ཚོའི་ངོས་ནས་མི་རིགས་ལ་ཕན་གོ་མཆོད་པ་ཞིག་བྱེད་ན་བསམ་པ་བཟང་པོ་བྱས། སྟོང་ཉིད་ཀྱི་ལྟ་བར་དོ་སྣང་ཅན་ཞིག་ཡིན་ན། སྟོང་ཉིད་ཀྱི་ལྟ་བ་དང་སྦྲེལ་ཏེ་རྣམ་མཁྱེན་ཟེར་བ་ཞིག་ཐོབ་ཐུབ་པ་དང་ཉོན་རྨོངས་སྤོང་ཐུབ་པ། དེའི་ཞབས་ཀྱི་བག་ཆགས་ཀྱང་སྤོང་ཐུབ་པ། སེམས་རང་བཞིན་གྱིས་འོད་གསལ་བར་གྱུར་བའི་ཆ་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕངས་ཐོབ་ཀྱི་ཡིན་བསམ་པའི་བློ་ཞིག་སྐྱེས་ཡོང་གི་ཡོད་པ་རེད། འདི་ནི་སེམས་བསྐྱེད་ཀྱི་དགོས་པ་རྒྱུ་མཚན་ཞིག་ཞུས་པ་དེ་ཡིན།"ཞེས་དང་།

དེ་མིན་"བྱང་ཆུབ་སྟོང་ཉིད་ཀྱི་འདུན་པ་ནི་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་ཡོང་གི་ཡོད་ཅིང་། ཕལ་ཆེར་སངས་རྒྱས་པའི་གཞུང་ནས་གསུང་བ་ཞིག་རེད། སེམས་བཟང་པོ་ནི་མི་རྟག་པའི་གཞུང་ནང་ཡོད་པ་རེད་ལ། ཡི་ཤུའི་ཆོས་ཀྱི་ནང་དུའང་ཡོད་པ་རེད། ཁ་ཆེའི་ཆོས་ཀྱི་ནང་དུའང་ཡོད་པ་རེད། གང་ལྟར་མཇེའུ་སོགས་ཆོས་ལུགས་ཚང་མས་དཀོན་མཆོག་ལ་ཡིད་ཆེས་དང་དཀོན་མཆོག་གི་ཁྱད་ཆོས་བརྗོད་དུས་བྱམས་བརྩེ་མཐའ་མེད་པ་ཞིག་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེ་བས་ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོ་ནི་སེམས་པ་བཟང་པོ་བྱེད་རྒྱུ་ཆགས་ཡོད་པ་རེད།"ཅེས་བཀའ་སློབ་ལམ་སྟོན་གནང་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།