དགོངས་ཚུལ།

འཛམ་གླིང་ལ་གྱོང་རག་ན་མི་སྒེར་ལ་ཡང་གྱོང་རག་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༢༩ཉིན་སྤེལ། འཛམ་གླིང་སྤྱི་ལ་གྱོང་རག་ན་སོ་སོ་སྒེར་ལ་གྱོང་རག་པ་དང་འཛམ་གླིང་སྤྱི་ལ་ཕན་པ་ཡིན་ན་སོ་སོ་སྒེར་ལ་ཡང་ཕན་ཐོགས་ཡོད་པ་ཞིག་ཏུ་གྱུར་འདུག ཅེས་བཀའ་སྩལ་སོང་།

Tibet-Dalailama-2017འདི་ཟླའི་ཕྱི་ཚེས་༢༩ ནས་ཟླ་ ༩ བའི་ཚེས་ ༡ བར་ཉིན་གྲངས་བཞིའི་རིང་། བཞུགས་སྒར་ངྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཧིན་ངྷི་ནེ་ཤི་ཡ། ཀོ་རུ་ཡ། མཱ་ལེ་ཤེའུ་ཡ། སངྒ་པོར། ཐའེ་ལན་ཌི། ཝེ་དི་ནམ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་དབུ་འཛུགས་གནང་སོང་།

དེ་ཡང་ཉིན་འདིའི་གསུང་ཆོས་སྐབས་སུ་རྒྱ་གར་ནས་མི་གྲངས་༢༠༠། རྒྱ་ནག་ནས་༡༧། ཕྱི་རྒྱལ་ནས་༡༧༠༠། ཨེ་ཤ་ཡ་ནས་༡༦༠༠། ཁྱོན་མི་གྲངས་རང་རིགས་སེར་སྐྱ་གཙོས་ཁྱོན་མི་གྲངས་༥༧༠༠ལྷག་དང་། རྒྱལ་ཁབ་ཁག་༦༧ནས་ཕེབས་པའི་ཆོས་ཞུ་བས་གསུང་ཆོས་ཞུ་བའི་སྐལ་བ་ལྡན་ཡོད་འདུག

གོང་ཚེས་ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་མ་སྩལ་བའི་ཐོག་མར་བཀའ་ལམ་སྟོན་གནང་དོན། "དེ་རིང་འདིར་ལྷོ་ཤར་ཨེ་ཡ་ཐུན་མོང་གིས་འབོད་སྐུལ་ཞུས་ཏེ་ཆོས་འབྲེལ་ཞུས་པ་དེ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏ་ཡིན་པ་དང་། འདི་ནི་ཕལ་ཆེར་འགྲེལ་བ་དང་པོའི་གྲོས་མིན་འགྲོ། གཙོ་བོ་ལུང་རྒྱུན་ཡིན། ངོས་ཀྱིས་ཁྲི་བྱང་རིན་པོ་ཆེའི་མདུན་ནས་ལུང་རྒྱུན་མང་པོ་ཞིག་ཞུས་ཡོད། གཞུང་འདི་ནི་བསྟན་འགྱུར་ནང་དུ་ཡོད་བསྡད་པའི་ལུང་གལ་ཆེན་པོ་ཞིག་ཡིན་ཞིང་། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུ། གཞུང་འདིའི་རིགས་ཞིབ་ཙམ་ཤེས་པ་ཁག་པོ་རེད་མོད། རོབ་ཙམ་ཤེས་དགོས་པ་གལ་ཆེན་པོ་རེད་ལ། འཆད་ཉན་བྱེད་ཐུབ་ན་སྐལ་བ་བཟང་པོ་མ་རེད་དམ། དེ་ལྟར་བྱས་ན་མཛད་པ་པོའི་ཐུགས་ཀྱི་བཞེད་དོན་འགྲུབ་གྱི་རེད། བུདྡྷ་པཱ་ལི་ཏའི་ཐོག་ལ་བཤད་རོགས་ཞེས་རེ་འདུན་ཞུས་པ་ལྟར་དོ་སྣང་ཆེན་པོ་གནང་རོགས། "ཞེས་དང་།

Tibet-Teaching-2017ཡང་། “སྤྱིར་ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་པའི་ཁུངས་གཏུགས་ས་བཀའ་འགྱུར་དང་བསྟན་འགྱུར་ཞེས་སྨོན་ལམ་རྒྱག་ས་ལྟ་བུར་མ་བཞག་པར་དེའི་སྐོར་ལ་ལྟ་ཐུབ་པ་གལ་ཆེན་པོ་རེད། ཁྱེད་རང་ཚོས་ཞལ་ལུང་ཐོབ་རྗེས་བཞག་ནས་མི་འཇོག་པར་ལྟ་དགོས་པ་རེད། ”ཅེས་དང་།

གཞན་ཡང། “སངས་རྒྱས་པའི་ཆོས་ནི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་རྒྱ་གར་ནས་བྱུང་ཞིང་། དེ་ནས་ཨེ་ཤེ་ཡ་ཡོངས་སུ་ནང་བའི་ཆོས་ཁྱབ་པའི་སྲོལ་ཞིག་འདུག ནང་པའི་ཆོས་རྒྱུད་ནང་དུ་པ་ལའི་ཆོས་རྒྱུད་དང་ལེགས་སྦྱར་གྱི་ཆོས་རྒྱུད་གཉིས་སུ་དབྱེ་ཡོད་ཅིང་། ཆོས་རྒྱུད་དེ་གཉིས་སུ་དམིགས་གསལ་མི་འདྲ་བའི་ཆ་ག་རེ་ཡོད་པ་རེད་ཅེ་ན། སངས་རྒྱས་བཅོམ་ལྡན་ཁོ་རང་གིས་ ‘དགེ་སློང་དག་དང་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །’ཞེས་གསུངས་གནང་འདུག
གང་ལྟར་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་རྒྱུ་མཚན་ལ་དཔྱད་ཅིང་རིག་པའི་བཅད་དེ་གྲུབ་དོན་ཞིག་ཡོད་བསྡད་པ་དེ་ནི་སེམས་རྒྱུད་ལ་བཞག་ཅིང་། སེམས་སུ་འགྱུར་བ་འགྲོ་བ་དང་འགྱུར་བ་འགྲོ་སོང་ན་ཕན་ཐོག་ཅི་ཞིག་ཡོད་པར་དཔྱད་པ་བྱས་ཏེ། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་རེད། འཛམ་གླིང་གི་ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པས་ན་ཡག་པོ་ཡོད་རེད་དེ། སངས་རྒྱས་རང་གི་བཀའ་ཡིན་ཀྱང་དཔྱད་པ་བྱས་ཏེ་རིག་པ་དང་འགལ་ན། སྒྲ་ཇི་བཞིན་དུ་མཁས་བླང་ན་མི་རུང་བ་ཞིག་ཡོང་གི་ཡོད་པ་རེད། སངས་རྒྱས་ཀྱིས་ལྟ་གྲུབ་ཀྱི་ངོས་ནས་གསུང་སྟངས་ནི་མ་འདྲ་བ་ཞིག་རེད་འདུག  ”ཅེས་དང་།

དེ་མིན། “སྤྱིར་འཛམ་གླིང་གི་དངོས་པོའི་དཔལ་ཡོན་ཡར་རྒྱས་སུ་ཧ་ལས་པ་སོང་ཞིང་། ཤེས་ཡོན་ཡར་རྒྱས་སུ་སོང་བ་འདི་ཡིས་ང་ཚོར་འདེང་གི་འདུག་གམ། འཛམ་གླིང་གི་དགོས་མཁོ་ཆ་ཚང་ཞིག་སྒྲུབ་ཐུབ་ཀྱི་འདུག་གམ། དེ་ལ་བསམ་བློ་གཏོང་དགོས་ཀྱི་འདུག འཛམ་གླིང་གི་ས་ཆ་ཁ་ཤས་སུ་མི་གསོད་རེས་བྱེད་ཀྱི་ཡོད་པ། མཐོང་ན་བཟོད་མི་ཐུབ་པའི་དབུལ་ཕོངས་ཀྱི་བཀྲེས་སྐོམ་ཡོད་པ། འབྱུང་གཞིའི་གནོད་པ་བྱུང་བ་སོགས་ནི་མི་ཡིས་བྱས་པ་རེད། སྡུག་བསྔལ་དེ་དག་ནི་ཞེ་སྡང་གི་དབང་གིས་བཟོས་ཞིང་། ཞེ་སྡང་གི་ཡོངས་ཁུངས་ནི་འདོད་ཆགས་དང་། དེ་ནི་ཕྱོགས་སུ་ལྷུང་བའི་བློ་ཡིན་པ་དང་དེ་ཡིས་མ་སྐྱིད་པ་བཟོས་ཤིང་། ཕན་ཚུན་གསོད་རེ་སོགས་ཀྱི་རྙོག་དྲ་ཡོང་གི་ཡོད་པ་རེད། ”ཅེས་དང་།

Tibet-Teaching2-2017དེར་བརྟེན། “དེ་སེལ་བའི་ཐབས་ཤེས་ཅི་ཡོད་ལ་བསམ་བློ་ཞིག་བཏང་ན། ཚན་རིག་པ་མང་པོས་མིའི་གནས་སྟངས་སུ་བརྟག་དཔྱད་བྱས་པ་ལས། མིའི་ལྷན་སྐྱེས་རང་བཞིན་ནི་བརྩེ་བའི་རང་བཞིན་ཡིན་པར་བཤད་ཀྱི་ཡོད་པ་རེད། དེ་ཡིན་དུས་འཛམ་གླིང་གི་མི་དུང་ཕྱུར་༧༠ལྷག་ཡོད་པ་ཚང་མ་ནི། ཁེར་རྐྱང་དུ་བསྡད་པ་ཡིན་ན་རང་མགོ་ཐོན་རྒྱུ་ཁག་པོ་ཡིན་དུས། མི་ཚང་མ་ནི་སྤྱི་ཚོགས་རང་བཞིན་ཅན་ཡིན་དུས་གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་ནང་དུ། སོ་སོ་བར་ཐག་རིང་པོར་བསྡད་པ་ཡིན་ན་རང་ཉིད་ཀྱི་གྱོང་རེད། དེ་བས་གནའ་སྔ་མོ་ཡིན་ན། སྤྱི་ཚོགས་ཆུང་ཆུང་བྱས་ཏེ་འགྲོ་བསྡད་པ་རེད། ད་ལྟ་ཡིན་ན། འཛམ་གླིང་གི་ཤར་ལྷོ་ནུབ་བྱང་ཚང་མ་གཅིག་གིས་གཅིག་ལ་འབྲེལ་བ་བྱས་ཏེ་བསྡད་ཡོད་པ་རེད། དེ་བས་འཛམ་གླིང་སྤྱི་ལ་གྱོང་རག་ན་སོ་སོ་སྒེར་ལ་གྱོང་རག་པ་དང་འཛམ་གླིང་སྤྱི་ལ་ཕན་པ་ཡིན་ན་སོ་སོ་སྒེར་ལ་ཡང་ཕན་ཐོགས་ཡོད་པ་ཞིག་ཏུ་གྱུར་འདུག མིའི་ལྷན་སྐྱེས་ཀྱི་བརྩེ་བའི་རང་བཞིན་དེར་མིའི་རྣམ་དཔྱོད་ཀྱི་ཤེས་རབ་ཀྱིས་བརྟག་དཔྱད་བྱས་ཏེ། བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བྱུང་ན་ཕན་ཐོག་ག་རེ་ཡོད་སྐོར་དང་། ཞེ་སྡང་གིས་གཞན་དབང་ལ་སོང་སྟེ་ཕར་དོགས་པ་ཟ་བ་དང་ཚུར་དོགས་པ་ཟས་པ། སེམས་འཁྲུགས་ཏེ་བསྡད་པ་ཡིན་ན་ཁེ་ཕན་ཅི་ཞིག་ཡོད་དམ། འདིར་ལྟར་བསམ་བློ་བཏང་བ་ལ་བློ་སྦྱངས་པོ་ཟེར་གྱི་ཡོད་པ་རེད། འཛམ་གླིང་གི་མི་ཚང་མ་ཆགས་སྡང་རྨོངས་གསུམ་གྱིས་འཁྲིགས་ནས་བསྡད་ཡོད་ཙང་། སྔོན་ལ་རྨོངས་པ་དེར་བསམ་བློ་བཏང་ན། དེ་རྗེས་ཆགས་པ་དེར་སྐྱོན་དུ་ལྟ་ཞིང་། ཆོས་ཀྱི་རྣམ་དཔྱོད་ཤེས་རབ་ཀྱི་བློ་སྦྱངས་ཏེ་གོང་ནས་གོང་དུ་སྤེལ་ཞིང་། སེམས་ཅན་ཡིན་པ་གཅིག་གྱུར། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་ཡིན་པར་བསམ་བློ་བཏང་ན། ཕྱོགས་རུས་མེད་པའི་བརྩེ་བ་ཞིག་ཆགས་ཀྱི་རེད། ཆོས་ཁས་བླང་ཀྱང་མ་བླང་རུང་ཕྱོགས་རུས་མེད་པའི་བརྩེ་བ་ཞིག་དགོས་པ་གལ་ཆེན་པོ་རེད།” ཅེས་བཀའ་སློབ་ལམ་སྟོན་སྩལ་གནང་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།