དགོངས་ཚུལ།

སྲིད་སྐྱོང་གིས་ཧྥི་རན་སིའི་སྲིད་འཛིན་གསར་པར་འཚམས་འདྲི་གནང་འདུག།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༥པའི་ཚེས་༨ཉིན་སྤེལ། ཧྥི་རན་སི་ཡུལ་གྱི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོར་འདེམས་ཐོན་བྱུང་བའི་སྲིད་འཛིན་གསར་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་འཚམས་འདྲི་གནང་འདུག

Macron-Dalai-Lama-Tibet-Franceདེ་ཡང་ཟླ་འདིའི་ཚེས་༨ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་འཛིན་གསར་པ་སྐུ་ཞབས་ཨེ་མཱེ་ནེའུལ་མེག་རོན་(Emmanuel Macron)མཆོག་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། "ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་ཕ་རན་སིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

སྐུ་ཉིད་མཆོག་གིས་ཕ་རན་སི་མི་མང་གི་སེམས་ཁོངས་སུ་འཁོན་འཛིན་སྤངས་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཆོད་སེམས་གཏིང་[བརྟན་པོ་]ཚུགས་པ་ཞིག་ཡོད་པ་དེ་རྒྱུན་སྐྱོང་བྱ་རྒྱུ་ཡིན། ཞེས་ཁས་ལེན་གནང་བ་ལྟར་ཐེངས་འདིར་སྐུ་ཉིད་མཆོག་ལ་རྒྱལ་ཁ་ཐོབ་པར་བརྟེན། མི་མང་གི་མངོན་འདོད་གསལ་པོར་མཚོན་ཐུབ་པ་ཙམ་མ་ཟད། བསམ་ཚུལ་མི་མཐུན་པ་གཞི་རྩར་བཟུང་ནས་དབྱེན་སྦྱོར་གྱི་ཡོ་ལང་ཕྱོགས་བཅུར་བརྡོལ་བཞིན་པའི་དུས་སྐབས་འདིར། རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་དེས་རང་དབང་དང་འཆམ་མཐུན། འདྲ་མཉམ་བཅས་ཕ་རན་སིའི་ཡུལ་གྱི་གཞི་རྩའི་ལྟ་གྲུབ་གསུམ་མུ་མཐུད་སྲ་བརྟན་ཐོག་རྒྱུན་སྐྱོང་བྱེད་མིན་ཚོད་བལྟ་བྱས་པ་ལྟ་བུ་ཞིག་ཀྱང་ཆགས་ཡོད།

ཕ་རན་སིའི་ཡུལ་འདི་ཉིད་ཡུ་རོབ་མཐུན་ཚོགས་(European Union)ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྲས་ཤིག་ཡིན། ལྷག་པར་ཕྱི་ལོ་༢༠༠༨ལོར་ཡུལ་དེའི་རྒྱལ་ས་པེ་རི་སིར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མི་སེར་གྱི་ཕྱག་འཁྱེར་འབུལ་ལམ་ཞུས་པ་དེས་བོད་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་ཡོད་པ་གསལ་བཏོན་གནང་ཡོད། ཕྱོགས་མཚུངས་སྐུ་ཉིད་མཆོག་གིས་ཕྱི་ལོ་༢༠༡༦ཟླ་༩ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་ཐེངས་མང་སྤེལ་གནང་ཡོད། དེར་བརྟེན་ད་ཆ་སྐུ་ཉིད་མཆོག་གིས་ཕ་རན་སི་ཡུལ་གྱི་སྲིད་འཛིན་གསར་པའི་ཐུགས་འགན་བཞེས་རྒྱུར་མངོན་དུ་ཕྱོགས་པའི་སྐབས་འདིར་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་པའི་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།" ཞེས་བཀོད་གནང་འདུག

སྤྱིར་ཡུལ་དེའི་སྲིད་འཛིན་བསྡུ་ཆེན་མོར་མེག་རོན་མཆོག་འོས་ཤོག་གི་བརྒྱ་ཆ་༦༦་༩ཐོབ་ཡོད་པ་དང་ཕྱོགས་འགལ་ཚོགས་པའི་འོས་མི་སྟེ་ལྕམ་མེ་རཱིན་ལེ་པེན་(Marine Le Pen)མཆོག་ལ་འོས་ཤོག་གི་བརྒྱ་ཆ་༣༣་༡ཐོབ་ཡོད་ཅིང༌། གཞན་ཡང་ཁོང་གཉིས་ཀར་འོས་ཤོག་མ་བླུགས་མཁན་འོས་ཤོག་གི་བརྒྱ་ཆ་༢༠ཙམ་བྱུང་ཡོད་ཚུལ་ཡུལ་དེའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག་པ་བཅས།།

གསར་འགོད་པ་སྨར་བློ་བཟང་དམ་ཆོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།