དགོངས་ཚུལ།

བོད་རྒྱ་ཁོངས་མ་རེད་ཅེས་སྲིད་སྐྱོང་གིས་རྒྱའི་སློབ་མར་གསུངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༥ཚེས་༡ཉིན་སྤེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ཨོ་སི་ཊོ་ལི་ཡའི་ཡུལ་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་དང་ཁོང་གིས་རྒྱ་ནག་སྐམ་སའི་རྒྱ་རིགས་སློབ་ཕྲུག་ཁག་ཅིག་དང་མཇལ་འཕྲད་ཀྱིས་ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར་སོགས་གསལ་བཤད་གནང་འདུག

Sikyong-Australia-Tibet-2017དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨོ་སི་ཊོ་ལི་ཡ་(Australia)རུ་ཟླ་༤ཚེས་༢༨ཉིན་ཕེབས་འབྱོར་གནང་ཡོད་ཅིང༌། སྐབས་དེར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་བསྐལ་བཟང་རྒྱལ་མཚན་ལགས། ས་གནས་བོད་རིགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག

ཟླ་༤ཚེས་༣༠ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུལ་དེའི་གྲོང་ཁྱེར་བྷི་རི་སི་བྷེན་(Brisbane)ཁུལ་གནས་སྡོད་བོད་མི་ཆབ་སྲིད་བཙོན་ཟུར་རྣམས་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་མི། གཞན་ཡང་བོད་རིགས་མང་ཚོགས་བཅས་ལ་བོད་མིའི་འཐབ་རྩོད་སྤྱི་དང་ལྷག་པར་བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་དྲིལ་ཐོག་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་སྐོར་གསུངས་ཡོད་པ་རེད།

ད་དུང་ཁོང་གིས་ྋགོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་དོན་ལྟར། སྐབས་༡༥བཀའ་ཤག་གིས་ལྔ་དང་ལྔ་བཅུའི་ཐབས་བྱུས་འོག་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱ་རྒྱུ་ཙམ་མ་ཟད། འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་མིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་ངང་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་པའི་དུས་ཚོད་གཅིག་འཆར་ཡང་དེ་ལྟར་བྱེད་ཐུབ་པ་ཞིག་བཟོ་རྒྱུར་དམིགས་ནས་ལས་འཆར་བང་སྒྲིག་བཞིན་ཡོད་ཚུལ་སོགས་གསུངས།

གོང་ཚེས་ཉིན་རྒྱབ་ཏུ་རཱ་ཡན་རྗ་སི་པཱར་ཝལ་ཤཱི་(Ryan Jasper Walsh)ལགས་དང་མག་གྷོལ་ཌི་(Mark Gould)ལགས། དེ་བཞིན་ཤེན་ལུ་(Sheng Lu)ལགས་བཅས་ཀྱིས་གསེར་རྟ་བླ་རུང་སྒར་ཐོག མི་རྟག་པ། ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་བསྐྲུན་གནང་བཞིན་པ་དེའི་སྐོར་བཅར་འདྲི་ཞུས་པ་སྲིད་སྐྱོང་མཆོག་གིས་དང་ལེན་གནང་བ་དང༌། བརྙན་འཕྲིན་ཚན་པ་དེ་རིང་མིན་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བརྙན་འཕྲིན་ཚན་པ་(Australian Broadcasting Cooperation)སོགས་བརྒྱུད་རྒྱང་བསྲིངས་གནང་རྒྱུ་ཡིན་འདུག

ཕྱི་དྲོ་སྲིད་སྐྱོང་མཆོག་གིས་བོད་ཀྱི་དུས་སྟོན་ཐེངས་༩པའི་ཐོག་ཟུར་ཉན་དུ་བཅར་བའི་ཕྱི་རྒྱལ་བ་སྐུ་ཞབས་པོལ་བྷ་ཀཱི་ལེ་ལགས་དང་(Paul Barclay)ལྷན་དུ་གླེང་མོལ་གནང་རྗེས་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་ཡོད་ཅིང༌། དེ་ཡང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ལས་རིམ་ཚན་པ་དེ་བདུན་ཕྲག་རྗེས་མའི་ནང་ཨོ་གླིང་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་(ABC National Radio)གིས་རྒྱང་བསྲིངས་གནང་རྒྱུ་ཡིན་འདུག སྤྱིར་སྐུ་ཞབས་པོལ་བྷ་ཀཱི་ལེ་ལགས་ནི་ཨོ་གླིང་རྒྱལ་ཡོངས་རླུང་འཕྲིན་ལས་ཁང་གི་Big Ideas)རིག་ཚོགས་ཆེན་པོ་ཞེས་པའི་ལས་རིམ་གཙོ་སྐྱོང་གནང་མཁན་ཡིན་པ་མ་ཟད། ཡུལ་དེའི་གྲགས་ཆེ་བའི་ཝོལ་ཀཱི་ལེ་གཟེངས་རྟགས་(Walkley Award)ཞེས་པ་ཐོབ་མྱོང་ཡོད་འདུག ཅེས་མུ་མཐུད་དྲ་གནས་དེར་སྤེལ་འདུག

ཡང་དྲ་གནས་དེར་བཀོད་དོན། གཞན་ཡང་ཉིན་དེའི་སྔ་དྲོ་སྲིད་སྐྱོང་མཆོག་གིས་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་རིགས་སློབ་ཕྲུག་ཁག་ལ་བོད་རྒྱ་གཉིས་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་འབྲེལ་ལམ་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་རྒྱུ་མཚན་འགྲེལ་བརྗོད་དང་འབྲེལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང༌། རིག་གནས་གསར་བརྗེ་སྐབས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་ཡོད་ལུགས་དང༌། རྒྱལ་བའི་བཀའ་བསྟན་གྱི་གསུང་རབ་རྩ་ཆེ་ཁག་ཧ་ཅང་མང་པོ་མེར་བསྲེགས་བཏང་བ། དེ་བཞིན་བོད་མི་གྲྭ་བཙུན་རྣམས་ཉེས་མེད་འོག་འཛིན་བཟུང་དང་མནར་གཅོད་བཏང་ཡོད་སྐོར། རྒྱ་ནག་གཞུང་གིས་བོད་ནང་དུ་རྒྱ་ཧན་མི་རིགས་གནས་སྤོ་བྱེད་རྒྱུའི་སྲིད་བྱུས་ལ་བརྟེན་ནས་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་ཡོད་ལུགས་འགྲེལ་བཤད་གནང་ཡོད་པ་རེད།

ད་དུང་སྲིང་སྐྱོུང་མཆོག་གིས་རྒྱ་རིགས་སློབ་མ་དེ་རྣམས་ལ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་བོད་རྒྱ་མི་རིགས་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང༌། ལྷག་པར་དུ་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་འབབ་རྩོད་རྒྱུའི་ཆ་རྐྱེན་གསལ་བ་ལྟར་འབད་བརྩོན་བྱེད་བཞིན་ཡོད་སྐོར་ཡང་གསལ་འགྲེལ་གནང་ཡོད་འདུག

ཕྱི་ཚེས་༡ནས་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌི་ཡུལ་(New Zealand)གྱི་རྒྱལ་ས་ཝེ་ལིང་ཊོན་(Wellington)དང༌། གྲོང་ཁྱེར་ཨོག་ལན་ཌི་དང་ཌི་ནི་ཌན་བཅས་སུ་ཉིན་གྲངས་བཞི་རིང་འཚམས་གཟིགས་གནང་རྒྱུ་དང༌། སྐབས་དེར་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ལྷན་བཅར་ཞུ་རྒྱུ་ཡིན་འདུག་པ་བཅས་གནས་ཚུལ་དུ།

གསར་འགོད་པ་བློ་བཟང་དམ་ཆོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།