ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

འཇིགས་སྣང་དང་ཞེ་སྡང་ཐོག་ནས་བདེ་སྐྱིད་ཡོང་ཐབས་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༣།༡༩ཉིན་སྤེལ། རྒྱ་གར་ནི་འཛམ་གླིང་ནང་ལོ་ངོ་བརྒྱ་ཕྲག་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་ཐུབ་པར་བརྟེན་འཛམ་གླིང་གཞན་ལ་མིག་དཔེ་ལྟ་བུ་ཆགས་ཡོད།  ཅེས་༧གོང་ས་མཆོག་གིས་བཀའ་སྩལ་བ།

འདི་ཟླའི་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྷི་ ཧཱར་ནང་རྟེན་གཞི་བྱས་པའི་རཱཇ་གིར་རམ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ།  རྒྱལ་སྤྱིའི་ཚོགས་ཁང་། International Cenvention Centre  ཞེས་པའི་ནང་དུ།  དུས་རབས་ཉེར་གཅིག་པའི་ནང་པ།    ཞེས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་སྐབས་བཀའ་སློབ་སྩལ་དོན།  
ང་ཚོ་འགྲོ་བ་མི་རིགས་ཐེར་འདུམ་བདུན་ཡོད་པ་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད།  འཇིགས་སྣང་དང་ཞེ་སྡང་ཐོག་ནས་བདེ་སྐྱིད་ཡོང་ཐབས་མེད།  དེར་བརྟེན་ང་ཚོས་གཞན་ལ་བྱམས་བརྩེ་དང་གཞན་ཕན། མཛའ་བརྩེའི་འདུ་ཤེས་སྤེལ་བ་བརྒྱུད་བདེ་སྐྱིད་སྐྲུན་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  དེ་འདྲ་བྱུང་བ་ཡིན་ན་ཕན་ཚུན་ཡིད་ཆེས་བློ་འགེལ་ཐུབ་པ་ཡོང་རྒྱུ་དང་། ཡིད་ཆེས་ནི་འཆམ་མཐུན་གྱི་གཞི་རྩ་ཡིན།  ཞེས་འགྲོ་བ་མིའི་ནང་གི་གཤིས་རྒྱུས་དང་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་སྐོར་བཀའ་སློབ་སྩལ་བ་མ་ཟད། ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན།

རྒྱ་གར་ནི་འཛམ་གླིང་ནང་ལོ་ངོ་བརྒྱ་ཕྲག་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་ཐུབ་པར་བརྟེན་འཛམ་གླིང་གཞན་ལ་མིག་དཔེ་ལྟ་བུ་ཆགས་ཡོད།  འཛམ་གླིང་ནང་ལྟ་གྲུབ་ཡོད་མཁན་ཆོས་ལུགས་གཙོ་ཆེ་ཁག་རྣམས་ཕན་ཚུན་ལྟ་གྲུབ་ཐོག་ནས་མི་འདྲ་བ་ཡོད་ཀྱང་གཞི་རྩའི་ཆ་ནས་ཆོས་ལུགས་དེ་དག་ཚང་མས་བྱམས་པ་དང་བརྩེ་བ། བཟོད་སྲན། འཚེ་བ་མེད་པ། ཞི་བདེ་སོགས་ལག་བསྟར་བྱེད་དགོས་པའི་ལམ་སྟོན་གནང་མཁན་ཡིན་པ་གཅིག་མཚུངས་ཡིན་པ་མ་ཟད། ཆོས་ལུགས་དེ་དག་ཚང་མར་བྱམས་བརྩེ་དང་བཟང་སྤྱོད་སོགས་གོང་མཐོར་གཏོང་རྒྱུའི་ནུས་པའང་གཅིག་མཚུངས་སུ་ཡོད།  ང་ཚོ་འདིར་ཚོགས་ཁང་ནང་ད་ལྟ་ཞི་བདེ་བག་ཕེབས་ངང་གནས་བཞིན་ཡོད་ཀྱང་།   ས་གནས་གཞན་དང་གཞན་དུ་ཆོས་མིང་ཐོག་ནས་གསོད་རེས་བྱེད་བཞིན་ཡོད།  ཆོས་དེ་འགྲོ་བ་མིའི་བདེ་སྐྱིད་ཀྱི་རྒྱུ་རྐྱེན་ཞིག་ཡིན་དགོས་པ་ལས་ཆོས་དེ་རྙོག་གྲ་བཟོ་མཁན་ཆགས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད།  རྒྱ་གར་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་བྱ་རྒྱུའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་སྟབས།  ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ཐད་དམིགས་བསལ་འགན་ཞིག་ཡོད།

ངོས་རང་ལ་མཚོན་ན་ལུས་པོ་འདི་རྒྱ་གར་གྱི་བག་ལེབ་དང་དཱལ་ལ་བརྟེན་ནས་འཚོ་བ་མ་ཟད། ཀླད་པའི་ནང་རྒྱ་གར་གནའ་བོའི་སྲོལ་རྒྱུན་དཔལ་ན་ལེནྡྲའི་ལེགས་བཤད་ཀྱི་ཁེངས་ཡོད། དེར་བརྟེན་ནམ་རྒྱུན་ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་བཤད་ཀྱི་ཡོད།   རྒྱ་གར་གྱི་དཔལ་ན་ལེནྡྲ་གཙུག་ལག་སློབ་ཁང་ནང་ལྟ་གྲུབ་དང་ཚད་མ་སོགས་ཀྱི་ཐོག་མཁས་པ་ཧ་ཅང་མང་པོ་བྱོན་ཡོད། དེར་བརྟེན་ལེགས་བཤད་དེ་དག་དེང་འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན་གོང་མཐོར་གཏོང་རྒྱུར་ཕན་ཐོགས་དང་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པའི་ནུས་པ་ཡོད། དེ་རིང་ལྷན་ཚོགས་འདི་ལྟ་བུ་བརྒྱུད་ནས་རྒྱ་གར་ནས་རང་གི་གནའ་བོའི་རིག་གནས་དེ་དག་གཅེས་སྐྱོང་དང་སླར་གསོ་ཡོང་ཐབས་ཆེད་འབད་བརྩོན་གནང་བཞིན་པ་འདིར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།

ངོས་རང་ལ་མཚོན་ན། འདས་པའི་མི་ལོ་དྲུག་ཅུ་ཙམ་རིང་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་ལེགས་བཤད་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན། དེར་བརྟེན་ཉམས་མྱོང་དེར་གཞིར་བཞག་ནས་བལྟ་སྐབས།  དོན་དམ་སེམས་ནང་བདེ་སྐྱིད་ཡོང་བར་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་འདེང་གི་མེད། དེར་བརྟེན་ང་ཚོས་རྒྱ་གར་གནའ་བོའི་རིག་གནས་ལ་དོ་སྣང་མང་ཙམ་སྤྲོད་དགོས། དེ་བརྒྱུད་ནས་མིའི་སེམས་ཚོར་དང་འབྲེལ་བའི་དཀའ་ངལ་དེ་དག་སེལ་ཐུབ།  རྒྱུ་མཚན་དེ་དག་ལ་བརྟེན་ནས་དུས་རབས་ ༢༡ འདིའི་ནང་དུ་ནང་པ་སངསང་རྒྱས་པའི་ཆོས་འདི་ཧ་ཅང་འབྲེལ་བ་དང་ཕན་ཐོགས་ཆེན་པོ་ཆགས་ཡོད།  ང་ཚོས་ནང་ཆོས་ལ་ཉམས་ལེན་གྱི་ཆ་དང་ལྟ་གྲུབ་ཀྱི་ཆ། ཚན་རིག་གི་ཆ་བཅས་དབྱེ་ཆོག ང་ཚོས་ནང་ཆོས་བརྗོད་སྐབས་ཆོས་ལུགས་བྱེ་བྲག་པ་ཞིག་ལ་སློབ་སྦྱོང་བྱེད་དགོས་པ་ལྟ་བུའི་བསམ་བློ་མ་འཁོར་བར། སྤྱིར་ཤེས་ཡོན་གཞན་དང་འདྲ་བར་ནང་པའི་ལྟ་གྲུབ་དང་ཚན་རིག་རྣམ་གཞག་དེ་དག་སུས་སློབ་སྦྱོང་བྱེད་ཀྱང་བྱེད་ཆོག་པ་ཞིག་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།