དགོངས་ཚུལ།

བྷི་ནཱ་རཱ་སི་ཧིན་ངྷིའི་སློབ་གྲྭ་ཆེན་མོ་རུ་བོད་རིགས་སློབ་མ་༣༠ལྷག་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༢༣ཉིན་སྤེལ། རྒྱ་གར་ཝ་རཱ་ན་སིར་ཡོད་པའི་བྷི་ནཱ་རཱ་སི་ཧིན་ངྷིའི་སློབ་གྲྭ་ཆེན་མོའི་ནང་ཕྱིའི་རྒྱལ་ཁབ་གཞན་གྱི་སློབ་མ་རྣམས་ནང་བཞིན་བོད་རིགས་སློབ་མ་རྣམས་ཀྱི་ལག་ཁྱེར་ངོས་ལེན་བྱས་ཏེ་ད་ལྟ་སློབ་མ་༣༠ལྷག་འདུག

ཕྱི་ལོ་༢༠༡༣ཙམ་ནས་བཟུང་། བྷི་ནཱ་རཱ་སི་ཧིན་ངྷིའི་སློབ་གྲྭ་ཆེན་མོ་འདིར་བོད་རིགས་སློབ་མ་འཛུལ་ཞུགས་བྱེད་མཁན་གྱི་གྲངས་འབོར་ནི་ལོ་སྔོན་མ་དག་ལས་མང་རུ་སོང་ཡོད་པ་དང་། ༢༠༡༣ནས་ད་ལྟའི་བར་དུ་ཁྱོན་བསྡོམས་སློབ་ཐོན་པ་༢༠ལྷག་བྱུང་འདུག

Tibet-BHU 2017མ་སུ་རི་དང་ངྷ་ས་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཉིས་མཐར་ཕྱིན། སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ། ཝར་ནཱ་མཐོ་སློབ་སོགས་ཀྱི་ལག་ཁྱེར་ཐོག་ནས་སློབ་གྲྭ་ཆེན་མོ་འདིར་འཛུལ་ཞུགས་བྱས་དང་བྱེད་བཞིན་པའི་ད་ཡོད་བོད་རིགས་སློབ་མ་༣༠ལྷག་གིས་རྩིས་དངོས་རྫས་གསུམ་གཙོས་པའི་སོ་སོའི་ཆེད་ལས་ཐོག་འབུམ་རམས་པ་དང་། རམས་འབྱམས་པ། ཉེ་བའི་གཙུག་ལག་རམས་འབྱམས་པ་སོགས་ཀྱི་གནས་རིམ་སྟེང་སློབ་སྦྱོང་བྱས་དང་བྱེད་བཞིན་པ་རེད།

འདི་ཟླའི་ཕྱི་ཚེས་༡༦ནས་༡༧བར་དུ། བྷི་ནཱ་རཱ་སི་ཧིན་ངྷི་སློབ་གྲྭ་ཆེན་པོ་འདིའི་མཐར་ཕྱིན་མཛད་སྒོ་ཐེངས་༩༩པ་འཚོགས་ཏེ། སློབ་ཐོན་ལག་ཁྱེར་འདྲ་མིན་ལེན་མཁན་༡༠༦༡༥དང་། ད་ལོ་སོ་སོའི་སློབ་སྦྱོང་གི་གནས་རིམ་ལག་ཁྱེར་ལེན་མཁན་གྱི་བོད་རིགས་སློབ་མ་ལག་ཁྱེར་ལེན་མཁན་༨བྱུང་འདུག

ས་དཔྱད་རིག་པའི་ཐོག་ཉེ་བའི་གཙུག་ལག་རམས་འབྱམས་པའི་ལག་ཁྱེར་ལེན་མཁན་གྱིས་བཀྲ་ཤིས་མགོན་པོ་ལགས་ཀྱིས་སྐབས་འདིར་ཁོང་ལ་ཚོར་བ་ཇི་འདྲ་ཞིག་བྱུང་མིན་སྐོར་ནས་བརྗོད་དོན། ལོ་གསུམ་གྱི་རིང་ལ་སློབ་སྦྱོང་གཏིང་ཟབ་ཞིག་བྱེད་མ་ཐུབ་པ་ཡིན་ནའང་། གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་རག་ཡོང་དུས་སུ། སེམས་གཏིང་ནས་ཚོར་བ་ཧ་ཅང་སྐྱིད་པོ་བྱུང་སོང་། ཞེས་དང་།

གཞན་ཡང་ཁོང་གིས་བརྗོད་དོན། ཕྱི་ལོ་༢༠༠༠ལོར་བོད་ནས་རྒྱ་གར་དུ་འབྱོར་ཞིང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཟིགས་སྐྱོང་དང་ལམ་སྟོན་འོག་ནས་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་བྱས་པ་དང་། ད་ལྟའང་སློབ་གྲྭའི་ངོས་ནས་བྷི་ནཱ་རཱ་སི་ཧིན་ངྷི་སློབ་གྲྭ་ཆེན་པོའི་སློབ་ཡོན་གནང་བཞིན་ཡོད་ཅིང་། ཕྱི་ལོ་༢༠༡༣ནས་བཟུང་སློབ་གྲྭ་ཆེན་མོ་འདིར་འཛུལ་ཞུགས་བྱས། ཞེས་དང་།

དེ་མིན་ཁོང་གི་ཆེད་ལས་ས་དཔྱད་རིག་པའི་སྒང་ནས་མ་འོངས་པར་བོད་ཀྱི་སྤྱི་ཚོགས་སུ་ཅི་ཞིག་སྒྲུབ་འདོད་པའི་དམིགས་ཡུལ་སྐོར་ནས་བརྗོད་དོན། དམིགས་གསལ་གྱིས་དམིགས་ཡུལ་གཏན་པོ་ཞིག་མེད་མོད། རྗེས་མ་ཞིབ་འཇུག་གི་ལས་ཀ་ནི་བོད་པ་དང་འབྲེལ་བའི་སྐོར་ཞིག་བྱེད་འདོད་ཡོད། རྒྱུ་མཚན་ནི་ངའི་སློབ་མཚན་འདི་ནི་བོད་སྐད་ཡིག་ལས་དམིགས་གསལ་དུ་སྦྱང་རྒྱུ་མེད་པ་ཞིག་རེད། དེ་བས་དམིགས་གསལ་ཞིབ་འཇུག་ཅིག་བྱས་པ་ཡིན་ན། རྗེས་མ་ས་དཔྱད་རིག་པའི་སྐོར་ལ་སྦྱང་མཁན་རྣམས་སུ་ཕན་ཐོག་ཡོང་གི་རེད་བསམ། ད་དུང་བོད་པའི་སྤྱི་ཚོགས་ཀྱི་ས་མཚམས་སོགས་ཀྱི་སྒང་ནས་རྙོག་དྲ་འདྲ་མིན་བྱུང་བ་ལྟ་བུ་སོགས་སུ་ངའི་སློབ་ཚན་འདིས་ཕན་ཐོག་བྱུང་གི་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཚོང་ལས་རིག་པའི་ཐོག་རམས་འབྱམས་པ་ཐོན་པའི་དཔལ་ལྡན་བློ་གྲོས་ལགས་ཀྱིས་མ་འོངས་པའི་དམིགས་ཡུལ་དང་སློབ་ཐོན་བྱུང་བའི་ཚོར་བ་ཇི་འདྲ་ཡིན་མིན་སྐོར་ནས་བརྗོད་དོན། རྒྱ་གར་སློབ་མ་སྟོང་ཕྲག་མང་པོའི་ནང་ནས་བོད་པའི་སློབ་ཕྲུག་ཅིག་སློབ་མཐར་སོན་པར་སོ་སོའི་ངོས་ནས་འཇོན་དང་མ་འཇོན་རུང་། བོད་པའི་སྐུ་ཚབ་ཞིག་ཡིན་བསམ་པའི་ཐོག་ནས་སེམས་པར་དགའ་སྤྲོ་ཤུགས་ཆེན་པོ་སྐྱེས་སོང་། ཕྱི་ལོ་༢༠༠༣ལོར་བོད་ནས་རྒྱ་གར་ལ་འབྱོར་བ་དང་། ཕྱི་ལོ་༢༠༡༣ལོར་སློབ་ཆེན་འདིའི་ཚོང་ལས་སྡེ་ཚན་ལ་ཞུགས་ཤིང་། སྤྱིར་བཏང་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ཚོང་ལས་ཀྱི་གནས་སྟངས་ཡར་འཕར་མར་ཆགས་བྱུང་གི་ཡོད་པའི་སྐོར་ལ་སྔོན་མ་ནས་དོ་སྣང་ཆེན་པོ་ཡོད་ལ། དེ་བས་ངས་ཚོང་ལས་སྡེ་ཚན་འདི་སྦྱངས་ཏེ་མ་འོངས་པར་རྒྱལ་སྤྱིའི་ཁྲོམ་རའི་ཁེ་ལས་བཟོ་གྲྭ་སོགས་སུ་ལས་ཀ་བྱེད་པའི་འདུན་པ་དང་། ང་རང་བཙན་བྱོལ་སློབ་གྲྭར་འགྲིམས་པ་ཞིག་ཡིན་དུས་བོད་ནང་དུ་ལག་ཁྱེར་ངོས་ལེན་བྱེད་མིན་དང་རྒྱ་ནག་གི་གནོན་ཤུགས་འོག་ནས་བོད་ནང་གི་ཁེ་ལས་པའི་ཕྱོགས་སུ་ཕན་ཐོག་བྱུང་བ་དཀའ་ལས་ཁེག་པོ་རེད་བསམ། ཞེས་འགྲེལ་བརྗོད་གནང་སོང་།

downloadགཞན་ཡང་བྷི་ནཱ་རཱ་སི་ཧིན་ངྷི་སློབ་གྲྭ་ཆེན་པོ་(Banaras Hindu University)ནི། ༡༩༡༦ལོར་མཁས་དབང་མཱ་ལ་བེ་ཡཱ་(Madan Mohan Malaviya- 1861-1946)ཡིས་UPམངའ་སྡེ་ཡི་གྲོང་ཁྱེར་ཝ་ར་ནཱ་སིའི་ནང་དུ་གསར་འཛུགས་བྱས་ཤིང་། ད་སྔ་གླིང་ཆེན་ཡེ་ཤ་ཡའི་སློབ་གྲྭ་ཆེན་མོ་ཆེས་ཆེ་ཤོས་ཤིག་དང་། སློབ་ཆེན་འདིའི་ནང་དུ་ སློབ་གཉེར་ལྟེ་གནས་ཁང་ཆེན་པོ་༦། སློབ་གླིང་༡༤། ཚན་ཁག་༡༣༢ལྷག རྒྱལ་ཁབ་༣༤ནས་ཡོང་བའི་སློབ་མ།
མཱ་ལ་བེ་ཡཱ་(Madan Mohan Malaviya- 1861-1946)ནི་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་དང་ཁྲིམས་རྩོད་པ་ཞིག་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།