དགོངས་ཚུལ།

ང་ཚོ་ལ་གཞན་གྱི་བདེ་སྡུག་ལ་བསམ་ཤེས་ཐུབ་པའི་བྱམས་བརྩེ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༢ཉིན་སྤེལ། ༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་རྣམ་གཉིས་རྒྱལ་སྤྱིའི་བྱིས་པའི་ལྷན་ཚོགས་ཐོག་མཇལ་འཕྲད་མཛད་པ།

འདི་ཟླའི་ཕྱི་ཚེས་༡༠ ཉིན། འདི་ལོར་གོང་ཚེས་ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བྱིས་པའི་ཐོབ་ཐང་རྩོད་ལེན་པ་རྒྱ་གར་ཡུལ་མི་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་ Kailash Satyarthi མཆོག་གིས་བྱིས་པ་སྲུང་སྐྱོབ་ཐེབས་རྩ་ཁང་ Kailash Satyarthi Children’s Foundation ནས་གོ་སྒྲིག་ཞུས་པ་ལྟར།  རྒྱ་གར་སྲིད་འཛིན་ཕོ་བྲང་གི་རིག་གཞུང་བསྟི་གནས་ཁང་གི་ཚོགས་ཁང་ཞིག་གི་ནང་དུ་རྒྱལ་སྤྱིའི་བྱིས་པའི་ལྷན་ཚོགས།   ཞེས་ལྷན་ཚོགས་དབུ་འབྱེད་མཛད་སྒོར་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་པར་ནབ་མུ་ཁར་ཇི་ Shri Pranab Mukherjee མཆོག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་འཕགས་བོད་དབུ་ཁྲིད་རྣམ་གཉིས་ཐུགས་མཛའ་བརྩེ་ཆེན་པོའི་ཐོག་ནས་འཚམས་འདྲི་དང་སྦྲགས་མཇལ་འཕྲད་མཛད་འདུག

དེ་ཡང་ཐོག་མར་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་མཆོག་གིས་རྒྱ་གར་ནང་དུ་ལྷན་ཚོགས་དེ་ལྟ་བུ་ཐེངས་དང་པོ་གོ་སྒྲིག་ཞུ་བཞིན་པའི་སྐབས་དེར་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་གྲགས་ཅན་དབུ་ཁྲིད་རྣམས་དང་གཞན་ཡང་རིག་གནས་འདྲ་མིན་ཐོག་གི་དབུ་ཁྲིད་སོགས་གདན་ཞུ་ཐུབ་པར་ཁོང་ལ་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་ཡོད་སྐོར་གསུངས། སྤྱིར་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་མཆོག་གིས་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཆེད་ངལ་བ་ཁྱད་བསད་ཐོག་ནས་ལོ་མང་རིང་སྐུ་ལས་ཧ་ཅང་སྐྱོན་པ་དེར་ཆེ་མཐོང་ཞུ་ཆེད་ཕྱི་ལོ་ ༢༠༡༤ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།

དེ་ཡང་ཁོང་གིས་བྱིས་པའི་ལྷན་ཚོགས་སྐབས་དེར་གསུང་དོན།  དེང་སྐབས་འཛམ་གླིང་ནང་འཁྲུག་རྩོད་འདི་ལྟ་བུ་ནི་དེ་སྔ་བྱུང་མྱོང་མེད། བྱིས་པ་ས་ཡ་མང་པོ་འཁྲུག་རྩོད་ཀྱི་ཡོ་ལང་ཆེན་པོ་འདིའི་ནང་དུ་ལ་ལ་བྲན་གཡོག་འོག་ཚུད་པ་དང་།  བྱིས་པ་ཁག་གཅིག་གཞན་གྱིས་ཉོ་ཚོང་བྱེད་པ།  ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པ་སོགས་གནས་སྟངས་འདི་ལྟ་བུ་ང་ཚོས་ནམ་ཡང་དེ་མུར་འཇོག་ཐབས་མེད། དེར་བརྟེན་བྱིས་པའི་དཀའ་ངལ་དེ་དག་ལ་ང་ཚོས་གདོང་ལེན་གནང་ཆེད་ཆོད་སེམས་བརྟན་པོའི་ཐོག་ནས་ཐབས་བརྒྱ་ཇུས་སྟོང་གི་ལམ་ཞིག་འཚོལ་ཐབས་བྱེད་པ་བརྒྱུད་ལག་བསྟར་དོན་འཁྱོལ་ཐུབ་པའི་གྲོས་ཆོད་འོས་འཚམས་ལྡན་པ་ཞིག་འཇོག་དགོས་པའི་དུས་ལ་བབ་ཡོད།

དེ་སྔ་ངས་ནོ་བེལ་ཞི་བདེའི་གཟེངས་རྟགས་དང་ལེན་ཞུ་སྐབས་བྱིས་པའི་དཀའ་ངལ་ཐོག་བརྗོད་སྐབས་མི་མང་པོ་ཞིག་གིས་བྱིས་པ་རྣམས་ལ་དཀའ་ངལ་དེ་ལྟ་བུ་འཕྲད་བཞིན་པ་དེར་ཡིད་ཆེས་བྱ་རྒྱུའང་ཁག་པོ་ཆགས་པ་དེ་འདྲ་བྱུང་བ་རེད།

དེར་བརྟེན་དེ་རིང་གི་ལྷན་ཚོགས་འདིར་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་དང་དབུ་ཁྲིད་ཁག་གཅིག་ལྷན་འཛོམས་ཐོག་ཤུགས་གཅིག་སྐྱོན་པ་ཡིན་ན། ད་ལྟ་སྤྱི་ཚོགས་ནང་དཀའ་ངལ་ཧ་ཅང་འོག་མྱོང་བཞིན་པའི་མགོན་སྐྱབས་བྲལ་བའི་བྱིས་པ་ཉམ་ཆུང་རྣམས་ཀྱི་དཀའ་ངལ་དེ་དག་སེལ་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་ཡོང་ངེས་པ་ཞིག་ཡིན།   སྤུན་མཆེད་ཕོ་མོ་རྣམ་པ། བྱིས་པ་དེ་དག་འབྱུང་འགྱུར་གྱི་སྤྱི་ཚོགས་བཟང་པོ་ཞིག་ལ་ཁ་སྒྱུར་བྱེད་མཁན་ཡིན་སྟབས་ང་ཚོས་བྱིས་པའི་མན་ངག་ལ་གསན་འཇོག་གནང་དགོས། ཞེས་གསུངས།

དེ་རྗེས་རྒྱ་གར་འཕགས་པའི་ཡུལ་གྱི་སྲིད་འཛིན་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་གིས་རྒྱ་གར་ཡུལ་འཁོར་ཆེན་པོ་འདིའི་ནང་ཆོས་ལུགས་དང་རིག་གཞུང་། གོམས་སྲོལ་འདྲ་མིན་སྣ་ཚོགས་འཆམ་མཐུན་ངང་འཚོ་སྡོད་བྱེད་བཞིན་པའི་རྒྱ་གར་གནའ་རབས་སྲོལ་རྒྱུན་གྱི་རིས་མེད་ཀྱི་ལྟ་ཚུལ་སྐོར་གསུངས་པ་མ་ཟད།  ཕྱི་ལོ་ ༡༩༤༨ ནས་ལོ་ལྟར་ཕྱི་ཟླ་  ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ལམ་སྲོལ་དེ་ད་ཆ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་ཉིན་མོ་ཞིག་ལའང་ངོས་འཛིན་ཞུ་རྒྱུའི་སྲོལ་ཞིག་དར་ཡོད་པ་དང་།  ང་ཚོས་བྱིས་པ་གཙོ་ཆེར་འཛིན་ནས་བྱིས་པ་རྣམས་ལ་འདྲ་མཉམ་གྱི་ཐོབ་ཐང་གཅིག་གྱུར་བཟོ་དགོས་པ་དང་།   བྱིས་པ་རྣམས་ལ་འདྲ་མཉམ་གྱི་ཐོབ་ཐང་གཅིག་མཚུངས་སུ་མ་ཐོབ་པར་བརྟེན་བྱིས་པ་མང་པོར་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་ཆགས་ཡོད་སྟབས།    ད་ཆ་ང་ཚོས་བྱིས་པའི་བདེ་འཇགས་དང་བྱིས་པ་རྣམས་ཚུལ་ལྡན་གྱི་ལམ་ནས་འཚར་ལོངས་ཐུབ་པ་ཞིག་བཟོ་ཆེད་སེམས་ནང་དམ་བཅའ་འཇོག་དགོས་པ་དང་། དེ་ཡང་ཤེས་ཡོན་གྱི་ལམ་ནས་བྱིས་པའི་དཀའ་ངལ་སེལ་བ་བརྒྱུད་ཁོང་ཚོར་འདྲ་མཉམ་གྱི་གོ་སྐབས་བསྐྲུན་ཐབས་བྱེད་ནས་ང་ཚོས་གོ་ལ་འདི་བྱིས་པར་བྱམས་སྐྱོང་དང་གཟིགས་རྟོག་ཡག་པོ་གནང་མཁན་གྱི་ཁྱིམ་ཚང་ཞིག་བཟོ་ཐབས་བྱེད་དགོས།   ཞེས་གསུངས།

དེ་ནས་༸གོང་ས་མཆོག་གིས་ཐོག་མར་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ་མ་ཟད། ཚོགས་བཅར་བ་རྣམས་ལའང་གུས་བཀུར་དང་བཅས་འཚམས་འདྲི་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན།  བརྩེ་བའི་སྤུན་མཆེད་ཕོ་མོ་རྣམ་པ།  ང་ཚོའི་དབར་རྒྱལ་ཁབ་དང་ཆོས་ལུགས།   གོ་ས་སོགས་འདྲ་མིན་སྣ་ཚོགས་ཡོད་ཀྱང་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་དེར་ངོས་ཀྱིས་དོན་དམ་ཡིད་ཆེས་ཞུ་བཞིན་ཡོད། ང་ཚོ་ཚང་མ་ཐོག་མ་རང་གི་མའི་མངལ་ནས་སྐྱེ་སྟངས་དང་། མཐར་འཆི་སྟངས་ཡང་གཅིག་མཚུངས་རེད། ད་ལྟ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་ཚོ་མི་རང་གིས་བཟོས་པའི་དཀའ་ངལ་ཞིག་རེད། དཀའ་ངལ་དེ་དག་ང་ཚོ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་སྟབས་དཀའ་ངལ་དེ་དག་སེལ་ཐབས་ཡང་མིས་བྱེད་དགོས་པ་ཆོས་ཉིད་རེད་ལ་བཟོ་ཐུབ་པའི་ནུས་པའང་ང་ཚོར་ཡོད།  དཀའ་ངལ་དེ་དག་སེལ་ཆེད་ང་ཚོའི་རྒྱུད་ལ་གཞན་གྱི་བདེ་སྡུག་ལ་བསམ་ཤེས་ཐུབ་པའི་བྱམས་བརྩེའི་བསམ་བློ་དགོས། བྱམས་བརྩེའི་བསམ་བློ་དེ་ཡང་ང་ཚོ་ཚང་མ་གཞི་རྩའི་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུ་ཡིན་བསམས་པའི་འདུ་ཤེས་འཛིན་པ་བརྒྱུད་ཀུན་སློང་དེ་བསྐྲུན་ཐབས་བྱེད་དགོས།

དུས་རབས་ ༢༠ དེ་འཚེ་བའི་དུས་རབས་ཤིག་ཆགས་པ་རེད། འོན་ཀྱང་ང་ཚོས་ད་ཆ་དུས་རབས་ ༢༡ འདི་འཚེ་མེད་ཞི་བའི་དུས་རབས་ཤིག་བཟོ་ཐབས་ཆེད་དོན་དམ་གྱི་འབད་བརྩོན་གནང་དགོས།  དེ་ནས་དུས་རབས་ ༢༡ འདི་འཚེ་མེད་ཞི་བའི་དུས་རབས་ཤིག་ཇི་ལྟར་ཡོང་ཐུབ་རྒྱུ་རེད་བརྗོད་ན། སྨོན་ལམ་བརྒྱབ་ནས་ཡོང་ཐུབ་པ་ཞིག་ཡིན་ནམ། ངོས་ལ་མཚོན་ན་ནང་པའི་དགེ་སློང་ཞིག་ཡིན། ངོས་ཀྱིས་སྨོན་ལམ་རྒྱག་བཞིན་ཡོད། འོན་ཀྱང་སྨོན་ལམ་བརྒྱབ་པ་ཙམ་གྱིས་འཛམ་གླིང་གི་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུ་ཟེར་བ་དེར་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་མེད། སྨོན་ལམ་བརྒྱབ་པ་ཙམ་གྱིས་འཚེ་མེད་ཞི་བའི་དུས་རབས་ཤིག་བཟོ་ཐུབ་ཐབས་མེད།

འཛམ་གླིང་འཚེ་བ་མེད་པ་ཞིག་ཡོང་བ་ལ་སྔོན་ལ་མི་སྒེར་གྱི་བསམ་བློ་འཚེ་མེད་ཞི་བའི་བསམ་བློ་ཞིག་ཡོང་དགོས། ཁོང་ཁྲོ་དེ་ང་ཚོའི་བསམ་བློའི་ཆ་ཤས་ཡིན་ནའང་གལ་ཏེ་ང་ཚོས་ཁོང་ཁྲོའི་ཕན་ཡོན་དང་ཉེས་དམིགས་ལ་དཔྱད་པ་བྱས་ན་ཕན་ལས་གནོད་ཆེ་བ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཆགས་ཀྱི་རེད། ཁོང་ཁྲོས་དུས་རྟག་ཏུ་རང་གཞན་ཕུང་ལ་སྦྱོར་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད།

ཚན་རིག་པ་ཚོས་ཀྱང་བརྟག་དཔྱད་ཀྱི་ལམ་ནས་ཡང་ཡང་ཁོང་ཁྲོ་ལངས་ཏེ་བསྡད་པ་ཡིན་ན་ང་ཚོའི་ལུས་ལ་རང་ཆས་སུ་ཡོད་པའི་ནད་འགོག་བྱེད་ཀྱི་ལུས་ཟུངས་ཤུགས་ཉམས་ཆག་འགྲོ་རྒྱུ་ཡིན་པ་བརྗོད་བཞིན་ཡོད། དེར་བརྟེན་འཕྲོད་བསྟེན་ཡག་པོ་དགོས་ན་སེམས་ནང་ཞི་བདེ་བག་ཕེབས་དགོས་པ་བརྗོད་བཞིན་ཡོད།  ཅེས་སོགས་ཀྱི་བཀའ་སློབ་སྩལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།