མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༧ཉིན་སྤེལ། འཛམ་གླིང་ནང་འགྲོ་བ་མིའི་གྲངས་ཐེར་འབུམ་བདུན་ཡོད་པ་ཚང་མས་ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབས་ཡོད། ཚང་མས་དེའི་ཐོག་ངེས་པར་དུ་བསམ་བློ་གཏོང་དགོས་ཞེས་༧གོང་ས་མཆོག་གིས་བཀའ་སྩལ་གནང་འདུག

འདི་ཟླའི་ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་ངྷ་སའི་ཉེ་འགྲམ་པཱ་ལམ་པུར་ Palampur གྲོང་ཁྱེར་རུ་མིག་གི་ན་ཚ་བཅོས་མཁན་གྱི་སྨན་པའི་མཐུན་ཚོགས་ Glaucoma Society   ཞེས་པའི་ལོ་འཁོར་ཚོགས་ཆེན་ཐེངས་ ༢༦ ཐོག་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་སྨན་པ་ ༤༥༠ ཙམ་ལ་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན་ཡོད་འདུག

དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་གཟབ་རྒྱས་གནང་དོན། ང་ཚོས་རིམ་པ་གཉིས་པའི་ཐོག་ནས་ཕན་ཚུན་མི་མཐུན་པ་ཕྲན་བུ་ཡོད་པ་རྣམས་ལ་ཧ་ཅང་གཙིགས་ཆེར་འཛིན་ནས་ང་ཚོ་དང་ཁོ་པ་ཚོ།   ཞེས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་ཡོང་བཞིན་ཡོད།    ཕྱོགས་གཅིག་ནས་དུས་རབས་ ༢༠ ནང་འཚེ་བའི་ལས་འགུལ་ཧ་ཅང་ཤུགས་ཆེན་པོ་སྤེལ་བར་བརྟེན་མི་འབོར་ས་ཡ་ ༢༠༠ ཙམ་འཁྲུག་རྩོད་དང་དམག་འཐབ་ནང་རྐྱེན་ལམ་དུ་ཕྱིན་ཡོད། དེ་ནི་གཙོ་བོ་འགྲོ་བ་མི་ལ་སྔ་མོ་ནས་མི་མཐུན་པ་དང་དཀའ་ངལ་རིགས་འཕྲད་མ་ཐག་དྲག་པོའི་སྟོབས་ཤུགས་ཁོ་ནས་མེད་པ་བཟོ་ཐུབ་རྒྱུ་རེད་བསམས་པའི་བག་ཆགས་ཤུགས་ཆེན་པོ་ཞིག་ཡོད་པ་ལས་ཕལ་ཆེར་བྱུང་བ་ཞིག་རེད།

དེར་བརྟེན་འཛམ་གླིང་དམག་ཆེན་དང་གཉིས་དང་། ཀོ་རི་ཡའི་དམག་འཁྲུག དེ་བཞིན་ཝི་ཐི་ནམ་དམག་འཁྲུག་བཅས་བྱུང་ཡོད། རང་རྒྱལ་གཞན་ཕམ་གྱི་བསམ་བློ་ལ་བརྟེན་ནས་དེ་ཚོ་བྱུང་བ་ཞིག་རེད། དེང་སྐབས་སུའང་དབང་འཛིན་པ་ཁག་གཅིག་གིས་བསམ་བློ་དེ་རང་གཞི་རྩར་བཟུང་ནས་འགྲོ་བཞིན་འདུག  འོན་ཀྱང་དོན་དངོས་འཛམ་གླིང་གནས་སྟངས་ལ་འགྱུར་བ་ཧ་ཅང་ཕྱིན་ཚར་བ་རེད། སྔ་མོ་འདས་པའི་དུས་སྐབས་སུ་གླིང་ཆེན་ཕན་ཚུན་ཡིན་ནའང་རེད། ཡང་ན་གླིང་ཆེན་གཅིག་ནང་གི་རྒྱལ་ཁབ་ཕན་ཚུན་དང་།  དེ་བཞིན་རྒྱལ་ཁབ་གཅིག་གི་ནང་དུའང་ཚོགས་པ་ཕན་ཚུན་འཚོ་བ་རང་སྐྱོང་ལྟ་བུ་བྱས་ནས་བསྡད་ཡོད། དེ་འདྲ་བྱས་ནས་ཁུངས་འཁྱོལ་བ་རེད།  གནས་སྟངས་དེ་འདྲའི་ཐོག་ནས་ལྟ་སྐབས་རང་དང་མི་མཐུན་པའི་ཤོག་ཁག་དེ་དག་མེད་པ་བཟོ་ཐུབ་ན་རང་རྒྱལ་གཞན་ཕམ་ལྟ་བུར་བརྩི་ཆོག

འོན་ཀྱང་དེང་སྐབས་འཛམ་གླིང་གནས་སྟངས་དེ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ་ཆགས་ཡོད། ཕན་ཚུན་འབྲེལ་བ་ཡོད། རྒྱལ་ཁབ་ཕན་ཚུན་ཙམ་མ་ཟད། གླིང་ཆེན་ཕན་ཚུན་གཅིག་གིས་གཅིག་ལ་ཧ་ཅང་བརྟེན་དགོས་པའི་གནས་སྟངས་ཆགས་ཡོད། གོ་ལའི་དཔལ་འབྱོར་ལམ་ལུགས་ལ་ཆ་མཚོན་ན་ས་མཚམས་མེད། ཕྱོགས་མཚུངས་གོ་ལའི་ཁོར་ཡུག་དང་གནམ་གཤིས་ཀྱི་གནས་སྟངས་དེའང་གཅིག་མཚུངས་ཆགས་ཡོད། ད་ལྟའི་འཆར་རྒྱལ་ཁབ་བྱེ་བྲག་པ་རེ་རེའི་དཀའ་ངལ་ལྟ་བུ་མིན་པར་འཛམ་གླིང་སྤྱི་ལ་ཐུན་མོང་གི་དཀའ་ངལ་ཞིག་འཕྲད་བཞིན་ཡོད། དངོས་ཡོད་གནས་སྟངས་ལ་འགྱུར་བ་དེ་ལྟ་བུ་ཕྱིན་ཟིན་ཡང་ང་ཚོས་ད་དུང་བསམ་བློ་རྙིང་པ་དེ་རང་གཙིགས་ཆེར་འཛིན་ནས་ཕྱིན་པར་བརྟེན།   ང་ཚོའི་བསམ་ཚུལ་དང་དངོས་ཡོད་གནས་སྟངས་གཉིས་དབར་ཧ་ཅང་བར་ཁྱད་ཡོང་བཞིན་ཡོད།

ངོས་ཀྱིས་བསམ་པར་རྙོག་གྲ་ཡོང་བའི་གཞི་རྩ་དེ་ཆགས་ཡོད།    དེར་བརྟེན་ངོས་རང་ས་གནས་གང་དུ་གཏམ་བཤད་བྱས་ཀྱང་ངོས་རང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་ཁོངས་ནས་གཅིག་ཡིན་དྲན་བཞིན་ཡོད།   འདུ་ཤེས་དེའི་ཐོག་ནས་གཞན་དེ་ཡང་རང་དང་གཅིག་མཚུངས་ཀྱི་འགྲོ་བ་མི་ཞིག་རེད་སྙམ་པའི་ཐོག་ནས་སྐད་ཆ་ཤོད་བཞིན་ཡོད། འཛམ་གླིང་ནང་འགྲོ་བ་མིའི་གྲངས་ཐེར་འབུམ་བདུན་ཡོད་པ་ཚང་མས་ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབས་ཡོད། ཚང་མས་དེའི་ཐོག་ངེས་པར་དུ་བསམ་བློ་གཏོང་དགོས།

འདུ་ཤེས་དེའི་ཐོག་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཇི་ལྟར་སྐྲུན་དགོས་པའི་ཐོག་བསམ་བློ་གཏོང་དགོས། ཕན་ཚུན་གཅིག་གིས་གཅིག་ལ་རོགས་ཕན་བྱེད་དགོས།  སྐབས་རེ་དཀའ་ངལ་ཆུང་ཙག་རིགས་འཕྲད་སྲིད། སྐབས་དེར་མིའི་འདུ་ཤེས་ཀྱི་ཐོག་ནས་གདོང་ལེན་གནང་དགོས། དཔེར་ན། རང་ཉིད་མི་ཞིག་ཡིན་པ་ལྟར་གཞན་དེ་ཡང་རང་ཉིད་དང་འདྲ་བའི་སྤུན་མཆེད་ཕོ་མོ་ལྟ་བུ་ཞིག་ཡིན་བསམ་ནས། ཕན་ཚུན་མི་མཐུན་པ་ཕྲན་བུ་ཡོད་ཀྱང་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་རེད། དེར་བརྟེན་ངས་ཁོང་ཚོའི་བདེ་སྡུག་ལ་བསམ་བློ་གཏོང་དགོས། གཞན་དེས་ངོས་ནས་ཀྱང་དེ་མཚུངས་བསམ་བློ་གཏོང་དགོས། ཕྱོགས་གཉིས་དབར་འདུ་ཤེས་འདི་འདྲ་ཞིག་འཛིན་ཐུབ་ན་དཀའ་ངལ་རྣམས་ཞི་བདེ་ལྷིང་འཇགས་ཐོག་ནས་སེལ་ཐུབ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།