མིའི་རང་བཞིན་ནི་འཚེ་བ་མེད་པ་ཞིག་ཡིན་དུས་ང་ཚོར་རེ་བ་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༡།༠༡ཉིན་སྤེལ། རང་བཞིན་ལྷན་སྐྱེས་ནི་འཚེ་བ་མེད་པ་ཞིག་ཡིན་དུས་ང་ཚོར་རེ་བ་ཡོད་པ་ཞིག་དང་། ཉམ་མྱོང་མང་པོ་ཕྱོགས་བསྡོམས་བྱས་ཏེ་ད་ལྟའི་དུས་རབས་༢༡འདི་ནི་སྙིང་རྗེ་ལྡན་པའི་དུས་རབས་ཤིག་བཟོ་དགོས་ཞེས་བཀའ་སློབ་གནང་སོང་།

Tibet-BOOKLUNCH-2016དེ་རིང་སྔ་དྲོའི་ཚོུད་༡༠ཡས་མས་ཐོག  ངྷ་སའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ།  ༧གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱནྟ་ཀུ་མར་མཆོག་གིས་བརྩམས་པའི་ཧི་མཱ་ལ་ཡིའི་སྟེང་གི་གྲིབ་གཟུགས་དམར་པོ་  Red Shadow over Himalaya  དང་ཁོང་གི་སྐུ་ཟླས་བརྩམས་པའི། གལ་ཏེ་སྟོན་ཀ་ཤར་ཚེ།   If Autumn Comes ཞེས་པ་དང་།   གཞན་ཡང་སྐུ་ཞབས་ཧེམ་རཱཇ་ཀོ་ཤིག་ Hemraj Kaushik མཆོག་གིས་སྐུ་ཞབས་ཤཱནྟ་ཀུ་མཱར་མཆོག་ལ་ཆེ་བསྟོད་ཀྱི་དཔེ་དེབ་གཅིག་བཅས་ཁྱོན་དཔེ་དེབ་གསུམ་དབུ་འབྱེད་མཛད་འདུག

གོང་ཚེས་ཉིན་གྱི་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧གོང་ས་མཆོག་གིས་དབུ་བཞུགས་ཐོག   ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱནྟ་ཀུ་མཱར་ Shri Shanta Kumar མཆོག་དང་སྐུ་ཟླ་སན་ཏོ་ཤི་ཤེལ་ཇ་ Smt. Santosh Shailja  མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱམ་སྭ་རུབ་ Ram Swaroop མཆོག  བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་།  གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་སོགས་ཚང་འཛོམས་ཐོག ཕྱོགས་མཐའ་ཁག་ནས་ཕེབས་གནང་བའི་རང་རིགས་སེར་སྐྱ་མི་མང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པ་བཅས་མི་གྲངས་༢༠༠༠ལྷག་འདུ་འཛོམས་བྱུང་སོང་།

༧གོང་ས་མཆོག་གིས་དཔེ་དེབ་ཁག་དབུ་འབྱེད་དང་འབྲེལ་སྟེ་བཀའ་སློབ་སྩལ་གནང་དོན། ལོ་མང་རིང་ངོ་ཤེས་ཡིན་པའི་སྐུ་ཞབས་ཤཱནྟ་ཀུ་མཱར་དང་སྐུ་ཟླ་སན་ཏོ་ཤི་ཤེལ་ཇ་སོགས་སྐུ་མགྲོན་མང་པོ་ཞིག་ཕེབས་པར་ཞུ་རྒྱུ་ཞིག་ལ། ཁྱེད་རྣམ་པས་དེབ་ཁག་གསུམ་ཞལ་ཕྱེ་དགོས་པར་ངོས་ལ་གསུངས་པ་རེད་ལ། ངོས་ཀྱིས་དེབ་ཁག་གསུམ་དེ་ཞལ་མཇལ་བྱུང་བར་ཞེ་དྲག་དགའ་བོ་བྱུང་བ་དང་ཐུགས་རྗེ་ཆེ་ཞུས་པ་ཡིན། ངོས་གཉིས་ངོ་ཤེས་ཏེ་ལོ་མང་པོ་ཕྱིན་ཡོད་པ་དང་ཉིན་རེ་བཞིན་ལོ་རྒས་འགྲོ་ཡི་ཡོད་པ་ནི་ཆོས་ཉིད་ཡིན་དུས། གལ་ཆེ་ཆོས་ཤོས་ནི་སོ་སོ་གསོན་པའི་རིང་ལ་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་པ་གལ་ཆེན་རེད། ཁྱེད་རང་ནི་ཆབ་སྲིད་ལས་འགན་གྱི་རིམ་པ་མང་པོར་ལས་ཀ་བྱས་ཏེ་སྤྱི་ཡོངས་ནས་དོན་དག་མང་པོ་ཞིག་འགྲུབ་ཡོང་ཡོད་པ་དང་ཆབ་གཅིག  ལོ་རྒྱུས་ཀྱི་དེབ་འདི་ལྟ་བུ་ཞིག་བྲིས་པ་འདི་ནི་ཁྱེད་རང་གི་ཉམ་མྱོང་དངོས་དང་མཐོང་ཐོས་དངོས་བྱུང་དེ་ཡིག་ཐོག་ཏུ་བཀོད་པ་ནི་གལ་ཆེན་པོ་ཡིན་པ་དང་། གཅིག་ནས་ལོ་རྒྱུས་ནི་བསྡད་འདུག་པ་དང་། གཉིས་ན་ལོ་རྒྱུས་ཆབ་སྲིད་ཀྱི་དགོས་མཁོར་བཏོན་སྟེ་ལོ་རྒྱུས་འདྲ་མིན་ཡོང་གི་ཡོད་མོད། དངོས་ཡོད་གནས་ཚུལ་ག་རེ་བྱུང་བ་ནི་ཡིག་ཐོག་ཏུ་བཀོད་དེ་ད་ལྟའི་ང་ཚོའི་མི་རབས་ཙམ་མ་ཡིན་པར་མི་རབས་རྗེས་མར་ཡང་གནད་འགག་ཆེན་པོ་ཆགས་ཡིན་པས་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སྩལ་བ་དང་།

གཞན་ཡང་ཀུན་འདུས་ཀྱིས་མུ་མཐུད་དུ་ལམ་སྟོན་གནང་དོན། དུས་རབས་ཉི་ཤུ་འདི་ནི་ཕལ་ཆེར་མིའི་ལོ་རྒྱུས་ནང་དུ་ཧ་ཅང་འཁྲུགས་པོའི་དུས་རབས་ཤིག་དང་། འཕྲུལ་ཆས་དང་ཚན་རིག་སོགས་མི་ལ་ཕན་ཐོག་པའི་རིགས་ནི་དུས་རབས་ཉི་ཤུ་བའི་ནང་དུ་ཧ་ཅང་གིས་ཡར་རྒྱས་སུ་སོང་འདུག་ལ། དེ་དང་ཆབ་གཅིག་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཡིས་འཛམ་གླིང་སྒང་ལ་དམག་ཆེན་དང་པོ་དང་གཉིས་པ། དེའི་རྗེས་སུ་ཀོ་རི་ཡའི་དམག་འཁྲུགས། ཝེ་ཏུ་ནམ་གྱི་དམག་འཁྲུགས་སོགས་དམག་འཁྲུགས་ཕྱོགས་ནས་ཧ་ཅང་གིས་ཤུགས་ཆེན་པོ་བསླེབས་འདུག ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཤད་ན། དུས་རབས་༢༠ནང་དུ་འཁྲུགས་རྩོད་ཀྱིས་མི་གསད་བཞག་པ་ས་ཡ་༢༠༠ལྷག་ཅིག་བྱུང་བར་བརྗོད་འདུག འདི་འདྲའི་དུས་རབས་ཤིག་ཆགས་པ་རེད།

རྙོག་དྲ་ཆེ་བའི་དུས་རབས་འདིའི་ནང་དུ་ཨེ་ཤ་ཡའི་ལུང་པར་འགྱུར་བ་ཆེན་པོ་ཞིག་ཕྱིན་སྟེ། བོད་ཀྱི་གནས་ཚུལ་ཡང་དུས་རབས་༢༠པའི་ནང་གི་གནས་ཚུལ་ཞིག་ཆགས་ཡོད་པ་དང་། སྐབས་འདིར་མི་གསོད་ཁྲག་སྦྱོར་ཤུགས་ཆེན་བྱུང་སྟེ་མི་མང་ས་ཡ་མང་པོ་ཞིག་ལ་དཀའ་ངལ་ཆེན་པོར་འཕྲད་ཡོད་པ་འདི་ནི། བསམ་བློའི་ནང་དུ་རང་རྒྱལ་གཞན་ཕམ་སྟེ། དེ་ཡང་གོ་མཚོན་གྱི་ཐོག་ནས་རང་རྒྱལ་གཞན་ཕམ་བྱས་པ་ཞིག་གི་བསམ་བློ་ཤུགས་ཆེན་ཞིག་བྱུང་འདུག་གཱ  འདི་འདྲའི་བག་ཆགས་རྙིང་པ་དེ་ད་ལྟའི་དུས་རབས་༢༡པའི་སྐབས་སུ་ཡོད་བསྡད་པ་ཞིག་དང་། དེའི་རྐྱེན་གྱིས་ད་སྔ་ཕྱི་རྒྱལ་ལུང་པ་སོགས་སུ་དཀའ་ངལ་མང་པོ་ཞིག་ཡོང་བསྡད་པའི་གྲོས་ནི། དུས་རབས་༢༠པའི་སྐབས་ཀྱི་བསམ་བློའི་འཁྱེར་སོ་སྟེ་དཀའ་ངལ་འཕྲད་ན་ལམ་སང་དཔུང་ཤུགས་ཀྱིས་དཀའ་ངལ་སེལ་བའི་གོམ་གཤིས་དེ་དུས་རབས་༢༡གི་མགོར་ཀྱང་བསམ་བློ་དེ་བསླེབས་བསྡད་ཡོད་པ་སོགས་རྐྱེན་མང་པོ་ཞིག་ལྷག་འདུག་པ་ནམ་རྒྱུན་ངོས་ཀྱིས་བཤད་བསྡད་ཡོད། ཨེ་ཤ་ཡའི་ནང་དུ་འགྱུར་བ་ཕྱིན་པ་དང་། དཔེར་ན་བོད་ཀྱི་གནས་ཚུལ་ལ་འགྱུར་བ་ཕྱིན་པའི་རྐྱེན་གྱིས་ད་ལྟ་ཡིན་ནའང་དཀའ་ངལ་ཡོང་བསྡད་ཡོད་པ་ཞིག་རེད།

ང་ཚོས་འདས་པའི་བྱུང་བ་དེ་ལས་བསླབ་བྱ་ག་རེ་ལེན་དགོས་པ་རེད་ཅེ་ན། དུས་རབས་༢༡པ་ནི་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་པ་ཧ་ཅང་གིས་གལ་ཆེན་པོ་རེད་ལ། དེ་ལྟར་འདོད་མཁན་ནི་ངོས་གཅིག་པུ་མ་རེད། ཚན་རིག་པ་དང་ཤེས་ཡོན་ཅན་རྣམས་ཀྱི་བསམ་ཚུལ་གཅིག་གྱུར་ཡོང་གི་འདུག དེ་ཡིན་དུས་རྒྱ་གར་འཕགས་པའི་ཡུལ་དུ་འཚེ་བ་མེད་པའི་ལྟ་གྲུབ་ཞིག་ཧ་ལམ་ལོ་ངོ་སྟོང་ཕྲག་གསུམ་གྱི་སྔོན་ནས་བྱུང་ཡོད་པ་དང་། འཚེ་བ་མེད་པ་ཞེས་པ་ནི་ཞེ་སྣང་སྐྱེས་ཏེ་གཏན་ནས་འགུལ་བསྐྱོད་མ་རྒྱབ་པར་བསྡད་མཁན་ཞིག་མ་རེད། འཚེ་བ་བྱེད་པའི་ནུས་པ་ཡོད་རུང་གཞན་ལ་བརྩེ་བ་བྱས་ཏེ། གཞན་ལ་གནོད་པ་བྱས་ན་རུང་གི་མ་རེད་བསམ་པའི་རྒྱུ་མཚན་གྱི་ཐོག་ནས། འཚེ་བ་བྱེད་ཐུབ་པ་ཞིག་གིས་འཚེ་བ་ལྡོག་པ་ལ་འཚེ་བ་མེད་པ་ཟེར་གྱི་ཡོད་དུས། འཛམ་གླིང་དུ་ཆོས་དད་མེད་མཁན་དུང་འཕྱུར་༡༠ཞིག་ཡོད་ཀྱང་། ཆོས་ཡོད་རུང་མེད་རུང་ཚང་མའི་ལྷན་སྐྱེས་ཀྱི་མིའི་རང་བཞིན་ནི་བྱམས་བརྩེ་ཡི་རང་བཞིན་ཞིག་ཡིན་པ་ནི། དེ་རིང་ཁ་སང་ཚན་རིག་པས་བཤད་ཀྱི་ཡོད་པ་རེད། རང་བཞིན་ལྷན་སྐྱེས་ནི་འཚེ་བ་མེད་པ་ཞིག་ཡིན་དུས་ང་ཚོར་རེ་བ་ཡོད་པ་ཞིག་དང་། ཉམ་མྱོང་མང་པོ་ཕྱོགས་བསྡོམས་བྱས་ཏེ་ད་ལྟའི་དུས་རབས་༢༡འདི་ནི་སྙིང་རྗེ་ལྡན་པའི་དུས་རབས་ཤིག་བཟོ་བ་ནི། ཆོས་ཕྱོགས་ཀྱི་སྐད་ཆ་མིན་པར་སྤྱིར་བཏང་གི་ཤེས་ཡོན་གྱི་སྒང་ནས་སེམས་ཀྱི་ཞི་བདེ་ཡོད་ན། ལུས་ཀྱི་བདེ་བ། ཚེ་རིང་བ། སེམས་སྐྱིད་པ། གྲོགས་མང་པ་ཡོང་གི་རེད་ལ། དེ་ཡིན་ཙང་། དེ་རིང་ཁ་སང་འཛམ་གླིང་འདི་ནི་དངོས་པོ་ཡར་རྒྱས་གཙོ་བོར་བཟུང་གི་ཡོད་པ་འདི་མུ་མཐུད་སོང་ན། མིའི་སེམས་པར་བདེ་སྐྱིད་ཡོང་བ་ཁག་པོ་ཡིན་པས། ངོས་ཀྱི་གྲོགས་པོ་ངོ་ཤེས་མཁན་མང་པོ་ཞིག་གིས་དངོས་པོ་ཡར་རྒྱས་སུ་འགྲོ་བ་དང་མཉམ་དུ་ནང་གི་བྱམས་བརྩེ་ཡར་རྒྱས་སུ་འགྲོ་བ་གལ་ཆེན་པོ་ཡིན་པ་བསམ་ཚུལ་གཅིག་གྱུར་གསུངས་ཀྱི་ཡོད་པ་དང་། འཚེ་མེད་བྱམས་བརྩེ་དང་ལྡན་པ་ཟེར་བ་འདི་ནི་རྒྱ་གར་གྱིས་ལོ་སྟོང་ཕྲག་ལྷག་གི་རིག་གཞུང་ལ་འབྲེལ་བ་ཡོད་པ་མ་ཟད། ཕན་ཐོག་ལྡན་པ་ཞིག་ཀྱང་ཡིན་པས། རྒྱ་གར་འཕགས་ཡུལ་གྱི་མི་རྣམས་ཀྱིས་དམིགས་གསལ་གྱིས་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་ཡོད་པ་ཞིག་མཐོང་གི་འདུག

རྒྱ་གར་རང་ལ་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་ཐོག་ནས་འཚར་ལོངས་བྱུང་བའི་གྲངས་ཅན་པ་དང་གཅེར་བུ་བ། སངས་རྒྱས་པའི་ཆོས་སོགས་ཆོས་རྒྱུད་མང་པོ་ཞིག་དང་། དེ་བཞིན་འཛམ་གླིང་ཕྱི་ལོག་ནས་མཇེ་དང་ཡེ་ཤེས། ཁ་ཆེ་ཆོས་ལུགས་ཡོད་པ་སོགས་རྒྱ་གར་ནང་དུ་ཡོད་ཀྱང་འཇིགས་སྣང་ཅི་ཡང་མེད་པར་ལྷོད་ལྷོད་ཀྱི་ངང་ནས་ཞི་བདེ་ཡིན་པས། རྒྱ་གར་ནང་ལོག་ཏུ་ཆོས་ལུགས་རིས་སུ་མ་ཆད་པར་འཆམ་མཐུན་བྱས་ཏེ་ཡོད་པ། རྩོད་གཞི་ཅུང་ཙམ་རེ་ཡོང་གི་རེད། ངོས་ཀྱིས་རྩེད་མོའི་ངང་ནས་རྒྱ་གར་ལུང་པ་ནི་མིའི་ཡུལ་རེད་མ་གཏོགས་མི་མིན་པ་ཞིག་མ་རེད་ཅེས་བརྗོད་མྱོང་། དེ་བས་རྙོག་དྲ་ཅུང་ཙམ་ཡོང་གི་རེད། སྤྱི་ཡོངས་ཀྱི་ཆ་ནས་ཧ་ལས་པ་ཧང་སང་པོ་རེད། དེ་བས་དེ་རིང་ཁ་སང་འཛམ་གླིང་དུ་ཆོས་ལུགས་ཀྱི་རྙོག་དྲ་བྱུང་བསྡད་ཡོད་ཀྱང་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་ལ་བསམ་བློ་བཏང་ན། ངོ་ཚ་དགོས་པ་ཞིག་རེད་འདུག དེ་བཞིན་འདི་རུ་ངའི་ཁ་ཐུག་གི་མདུན་དུ་ཁ་ཆེ་ཞིག་ཡོད་པ་འདི་རེད།(ཧཧཧཧཧ)

རྒྱ་གར་ནང་དུ་ལོ་ངོ་སྟོང་ཕྲག་རིང་ཡོད་པའི་ཆོས་ལུགས་འདྲ་མིན་མཐུན་པོར་བསྡད་ཡོད་པ་དེ་ནི། རྒྱ་གར་རང་ནས་ཀྱང་དེའི་གོམ་གཤིས་མི་རབས་གསར་བར་འཇགས་ཐུབ་པ་ཞིག་དང་། འཛམ་གླིང་སྤྱི་ལ་ཕན་ཐོག་ཡོང་ཐུབ་པ། ངོས་རྒྱ་གར་ཚོར་ནམ་རྒྱུན་བཤད་ཀྱི་ཡོད། རྒྱ་གར་གྱིས་རྒྱལ་སྤྱིའི་ཆོས་ཚོགས་བཙུགས་ཐུབ་པ་ཡག་པོ་འདུག་གཱ རྒྱ་གར་གཞུང་གིས་ཆོས་དཔོན་དེ་ཚོ་གདན་འདྲེན་ཞུས་ན་ཕལ་ཆེར་ཕེབས་ཀྱི་རེད། ཆོས་རྒྱུད་མཐུན་པོ་བྱས་ཏེ་བསྡད་ཐུབ་པར་འཛམ་གླིང་ལ་མིག་དཔེ་དང་སྙིང་སྟོབས་བྱུང་ཐུབ་ན་ཞེས་བཤད་བསྡད་ཡོད།

ང་རང་སྒེར་གྱི་ངོས་ནས་ཕྱི་ལོ་༡༩༥༩ཟླ་༤བའི་ནང་རྒྱ་གར་འབྱོར་སྟེ་བཙན་བྱོལ་བ་ཆགས་པ་དང་། ལོ་གཅིག་རིང་མ་སོའུ་རུ་ནས་བསྡད་པ་ཡིན། ཕྱི་ལོ་༡༩༦༠ཟླ་༥ནས་༦ཞིག་གི་ནང་དུ་ངྷ་སར་འབྱོར་ཞིང་འདས་པའི་ལོ་༥༦རིང་ཧི་མ་ཅལ་ནང་དུ་བསྡད་ཅིང་། ཧི་ཅལ་ནང་གི་མི་མང་པོ་ཞིག་མངའ་སྡེ་གཅིག་གི་སྲོལ་གྱིས་ངོ་ཤེས་ཆགས་ཡོད། ངོས་ཀྱིས་འཛམ་གླིང་སྤྱི་ལ་ཕན་ཐོག་པ་དང་ལྷག་པར་དུ་རྒྱ་གར་ནང་གི་ལྟ་སྤྱོད་བཟང་པོར་དོ་སྣང་ཡོང་ཆེད་དུ་འབོད་སྐུལ་དང་ངོ་སྤྲོད་བྱེད་པ་སོགས་མང་པོ་ཞིང་བྱུང་ཡོད། དེ་དང་ཆབ་གཅིག་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་གང་འཚམས་བྱས་ཡོད་པ་རེད། ༢༠༡༡ནས་ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་བཞག་སྟེ། བོད་ཀྱི་ཆོས་དང་རིག་གཞུང་སྐོར་ལ་ང་མ་ཤི་བར་དུ་འགན་ཡོད་པས་ན། འབད་བརྩོན་བྱེད་བསྡད་ཡོད། ཞེ་ཙང་། དེ་སྔ་བོད་ཀྱི་ཆོས་ལུགས་འདི་ནི་བླ་མའི་ཆོས་ལུགས་རེད་ཅེས་བཤད་ཀྱི་ཡོད་པ་རེད། ངོས་ནི་བོད་ཀྱི་ཆོས་ལུགས་ནི་ནལེཎྜའི་ཆོས་རྒྱུད་ཡིན་ཞེས་ག་ས་གང་དུ་བཤད་ཡོད་པས། དེ་རིང་ཁ་སང་བོད་ཀྱི་ཆོས་རྒྱུད་ནི་བླ་མའི་ཆོས་རྒྱུད་ཡིན་པར་བཤད་མཁན་ཧ་ལམ་མེད་པའི་སྲོལ་ཞིག་འདུག་དཱ།  ཚན་རིག་པ་ནི་འཛམ་གླིང་གི་བདེན་དོན་འཚོལ་མཁན་ཞིག་རེད། དེ་ཡིས་ཞིབ་འཇུག་བྱས་ཏེ་གྲུབ་དོན་རྙེད་བཞག་པ་ནི་རྒྱུ་མཚན་ལྡན་པ་དང་ར་འཕྲོད་པ་ཆགས་ཡོད་དུས། ཚན་རིག་ལ་ཆ་འཇོག་བྱེད་པའི་དུས་ཚོད་འདི་འདྲ་ཞིག་སྐབས་སུ། བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་ཐོག་ནས་ཚན་རིག་དང་མཉམ་དུ་འབྲེལ་བ་བྱས་ཏེ། དེ་རིང་ཁ་སང་སྙན་གྲགས་ཆེ་བའི་ཚན་རིག་པ་ཚད་ལྡན་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ནི་སྨོན་ལམ་རྒྱག་བསྡད་པ་གཅིག་པུ་མ་ཡིན་པར། ལྟ་གྲུབ་སོགས་ཀྱི་ཐོག་ནས་དམིགས་གསལ་འགྲེལ་བཤད་རྒྱག་རྒྱུ་ཡོད་དུས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་བས་ངོས་རང་ཧི་ཅལ་ནས་བསྡད་དེ་རླུང་གཙང་མ་དེ་རྔུབ་ནས་ཉལ་བསྡད་མེད་དཱ།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།