ངྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཉིན་མོ་གཏན་འཁེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༢༤ཉིན་སྤེལ། ངྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདིར་དོ་སྣང་བྱེད་མཁན་ལོ་རེར་མང་རུ་འགྲོ་བ་དང་། ད་ལོ་ང་ཚོར་སྔོན་མ་ལས་གློག་བརྙན་མང་པོ་འདུག་ཅེས་གློག་བརྙན་བཟོ་མཁན་བསྟན་འཛིན་བསོད་ནམས་ཀྱིས་བརྗོད་སོང་།

Tibet-DIFF-2016དེ་རིང་སྔ་དྲོའི་ཚོུད་༡༡།༠༠ཐོག   བཞུགས་སྒར་ངྷ་སའི་ཀ་ཅ་རིར་རྟེན་གཞི་བྱས་པའི་ཀང་རའི་རྫོངས་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ། ངྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་བ་ནི། ཟླ་རྗེས་མའི་ཕྱི་ཚེས་༠༣ནས་༠༦བར་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་འགོ་འཛུགས་བྱ་རྒྱུ་ཡིན་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

དེ་ཡང་ཚོགས་ཐོག་ཏུ་ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་། ཁོའི་བཟའ་ཟླ་རྒྱ་གར་བ་གློག་བརྙན་བཟོ་མཁན་རེ་ཌོ་ ( Ritu Sarin) ལགས་རྣམ་གཉིས་ཀྱིས་གཙོས་གློག་བརྙན་དང་འབྲེལ་ཡོད་ཀྱི་མི་སྣ། གསར་འགོད་པ་བཅས་ཁྱོན་མི་གྲངས་༢༠ལྷག་འདུ་འཛོམས་བྱུང་སོང་།

ད་ལོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ལས་རིམ་འགོ་འཛུགས་དང་། སྐབས་དེར་གློག་བརྙན་རིང་པོ་༢༧དང་ཐུང་གྲོས་༡༥། བྱིས་པའི་བརྙན་ཐུང་༤སོགས་ཉིན་བཞིའི་རིང་སྟོན་རྒྱུ། གློག་བརྙན་དུས་སྟོན་ལ་གློག་བརྙན་བཟོ་མཁན་༢༠ནང་ནས་རྒྱལ་སྤྱིའི་གློག་བརྙན་བཟོན་མཁན་༩ཕེབས་ཏེ་སོ་སོས་གློག་བརྙན་བཟོས་པའི་ཉམ་མྱོང་སྐོར་ལ་གཏམ་བརྗོད་གནང་གི་རེད་འདུག

དེ་ཡང་གློག་བརྙན་བཟོ་བསྐྲུན་མཁན་བསྟན་འཛིན་བསོད་ནམས་ལགས་སུ་གསར་འགོད་པས་བཅར་འདྲི་ཞུས་པའི་ལན་དུ།  ཁོང་གིས་བརྗོད་དོན།  གློག་བརྙན་དུས་སྟོན་ལ་ཕེབས་མཁན་དང་དོ་སྣང་བྱེད་མཁན་ནི་ལོ་རེར་མང་རུ་འགྲོ་ཡི་འདུག འདི་ནི་ང་ཚོའི་དམིགས་ཡུལ་དང་མཐུན་པ་ཞིག་ཡིན་པས་ན་ཧ་ཅང་དགའ་སྤྲོ་སྐྱེས་བཞིན་ཡོད། ད་ལོ་ང་ཚོར་སྔོན་མ་ལས་གློག་བརྙན་མང་བ་དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ཁ་ཤས་ཤིག་གདན་འདྲེན་ཞུས་ཡོད་པ། ཞེས་དང་།

གཞན་ཡང་། ཁོང་གིས་མུ་མཐུད་དུ་བརྗོད་དོན། ང་ཚོའི་བོད་དང་འབྲེལ་བའི་གློག་བརྙན་ནི། ཞང་ཀང་ནས་ཕབ་བསྐྲུན་བྱས་པའི་(ལོ་བཅུ།)ཞེས་པ་ཞིག་དང་། འདིའི་བརྗོད་གཞིའི་ནང་དུ་མ་འོངས་པའི་ལོ་བཅུའི་ནང་དུ་ཞང་ཀང་གི་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རང་བཙན་རྩོད་ཀྱི་ཡོད་པའི་བརྗོད་རིམ་ནང་དུ། བོད་ནས་བྱུང་བའི་རང་ལུས་མེར་བསྲེགས་སྐོར་གྱི་པར་མང་པོ་ཞིག་འདུག བོད་ནང་ནས་ཕབ་བསྐྲུན་བྱས་པའི་(འདུ་ཁང་ནང་དུ་ག་རེ་འདུག)ཅེས་པའི་གློག་བརྙན་ཞིག དེ་བཞིན་༧གོང་ས་མཆོག་གི་ད་ལྟའི་ལོ་རྒྱུས་ཡོད་པའི་གློག་བརྙན་ཞིག ཕེ་རེ་སི་ན་ཡོད་པའི་བསྟན་འཛིན་ཟླ་གསལ་གྱིས་བཟོས་པ་ཕེ་རི་སིའི་རྒྱལ་ཁབ་དུ་ཡིག་ཆ་མེད་པའི་བོད་པའི་གནས་སྟངས་སྐོར་གྱི་གློག་བརྙན་ཞིག ཡོ་རོབ་ན་ཡོད་པའི་ཨ་མདོའི་གློག་བརྙན་བཟོ་མཁན་ཞིག་གིས་ཕབ་བསྐྲུན་བྱས་པའི་(ཆུ་དང་འཁྱགས་པ)ཞེས་པ། ལ་དྭགས་ཀྱི་བསྟན་འཛིན་རྡོ་རྗེ་ཡིས་ཕབ་བསྐྲུན་བྱས་པའི་ཨ་ཅག་ཅིག་གི་སྐོར་ལ་བཟོས་པའི་གློག་བརྙན་ཞིག རྫོང་གསར་མཁྱེན་རྩེ་རིན་པོ་ཆེའི་གློག་བརྙན་གསར་བ་(ཨེ་མ་   ཨེ་མ་)ཞེས་པ་བཅས་སོགས་་སྟོན་རྒྱུ་ཡིན་པའི་སྐོར་གནས་འགྲེལ་བརྗོད་གནང་སོང་།

དེ་མིན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ལོ་རབས་རྒྱད་བཅུའི་ནང་ནས་ད་ལྟའི་བར་དུ་ལོ་ངོ་༢༥ལྷག་ལ་གློག་བརྙན་བཟོ་བསྐྲུན་གྱི་ཕྱག་ལས་མཉམ་དུ་གནང་ཞིང་། ད་ལྟའི་བར་དུ་གློག་བརྙན་༢༠ཙམ་བཟོས་པའི་ཁྲོད་ཀྱི་༼སྤྲིན་པའི་རྒྱབ་ཀྱི་ཉི་མ༽ལྟ་བུའི་དངོས་བྱུང་གློག་བརྙན་ཁག་ཅིག་ལ་རྒྱལ་སྤྱིའི་སྟེང་དངོས་བྱུང་གློག་བརྙན་ཕྱོགས་ཀྱི་ཚད་མཐོའི་རྟགས་མ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོར་ཡང་མཉམ་ཞུགས་དང་གཟིགས་འབུལ་ཞུ་བཞིན་ཡོད་པ་རེད། བསྟན་འཛིན་བསོད་ནམས་ནི་རྒྱ་གར་ནས་སྐྱེས་པའི་བོད་མི་བཙན་བྱོལ་བའི་མི་ཐོག་དང་པོའི་གྲས་ཡིན་པ་དང་ཡང་བཙན་བྱོལ་ནང་གི་གློག་བརྙན་ཕྱོགས་ཀྱི་ཆེད་ལས་སློབ་གཉེར་མཐར་ཕྱིན་གྱིས་ལོ་ངོ་༣༠ལྷག་ལ་གློག་བརྙན་བཟོ་བསྐྲུན་པ་དང་འཁྲབ་གཞུང་རྩོམ་པ་པོའི་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།