འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུར་ང་ཚོ་མི་རེ་ངོ་རེར་འགན་ཡོད།

 པར་འདེབས།

༢༠༡༦།༡༠།༡༩ཉིན་སྤེལ། ་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་འགན་ལེན་རྗེས་ལེགས་བཅོས་ལས་ཁུངས་གསར་འཛུགས་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་དེར་མོས་མཐུན་མ་བྱས་པར་བཅོས་སྒྱུར་གཏོང་རྒྱུ་དེ་གུང་ཁྲན་ཏང་གི་ལམ་སྲོལ་ལྟར་འགྲོ་དགོས་པ་དེས་རེད་ཅེས་བཀའ་ལན་སྩལ་གནང་འདུག

འདི་ཟླའི་ཕྱི་ཚེས་༡༦ ཉིན། ༧གོང་ས་མཆོག་སུ་ལོ་ཝ་ཀི་ཡའི་ Slovakia རྒྱལ་ས་བྷར་ཏི་སི་ལ་ཝའི་ Bratislava ནང་ཞབས་སོར་འཁོད་བསྟུན་སྔ་དྲོ་ཐོག་མར་མཛད་འཕྲིན་དབུ་འཛུགས་མ་མཛད་གོང་། ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ལུ་ཤི་ཡ་ནི་ཀོལ་སན་ Ms Lucia Nicholson མཆོག་གིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་མཛད། དེ་ཡང་ཚོགས་ཆུང་གི་ཚོགས་མིའི་གྲས་སུ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་སྐུ་ཞབས་ཕེ་རེན་ཏི་སེག་སི་བྷེ་ཇི་ Mr Frantisek Sebej མཆོག་དང་། གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཊིན་པོ་ལི་ཡ་ཅིག་ Mr Martin Poliacik མཆོག དེ་བཞིན་ཡུལ་དེའི་སྲིད་བློན་ཟུར་པ་སྐུ་ཞབས་པལ་ Mr Pal Csaky མཆོག་བཅས་ཀྱིས་༧གོང་ས་མཆོག་བཞུགས་གནས་གསོལ་མགྲོན་ཁང་དུ་མཇལ་བཅར་ཞུས་ཡོད་འདུག

དེ་རྗེས་ཡུལ་དེའི་རྒྱལ་ཡོངས་བརྙན་འཕྲིན་ Slovak TV ཚན་པའི་གསར་འགོད་པ་ལུ་བྷོ་མིར་བྷ་ཇ་ནིག་ Lubomir Bajanik ལགས་ཀྱིས་༧གོང་ས་མཆོག་ལ་དྲི་བ་ཁག་གཅིག་ཕུལ་བའི་ཐོག་མར། མགོན་པོ་གང་ཉིད་མཆོག་དུས་རྟག་ཏུ་ཞལ་རས་འཛུམ་མདངས་ངང་ཐུགས་སྤྲོ་སྣང་དོད་པོ་དེ་འདྲ་ཇི་ལྟར་ཡོང་ཐུབ་བཞིན་ཡོད་སྐོར་གྱི་དྲི་བར་བཀའ་ལན་མཛད་དོན། སེམས་ཀྱི་ཞི་བདེ་རེད། ངོས་ཀྱིས་དུས་རྟག་ཏུ་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་གཞི་བཅོལ་ནས་རྒྱ་ཆེ་ས་ནས་ལྟ་ཐབས་བྱེད་བཞིན་ཡོད། དཀའ་ངལ་བྱེ་བྲག་པ་ཞིག་ལ་ཕྱོགས་གཞན་ཞིག་ནས་ལྟ་སྐབས་དེ་ཙམ་ཛ་དྲག་པོ་མིན་པ་ཤེས་རྟོགས་ཐུབ། འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཆེད་མཐུན་འགྱུར་གང་ཡོད་ཞུ་ཐུབ་པ་བྱ་རྒྱུ་ཡིན་ཞེས་ངོས་ལ་ཆོད་སེམས་བརྟན་པོ་ཡོད་སྟབས་དུས་རྟག་ཏུ་རེ་བ་བཟང་ས་ནས་རྒྱག་མཁན་ཞིག་བྱེད་ན་ལེགས། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུར་ང་ཚོ་མི་རེ་ངོ་རེར་འགན་ཡོད། དཔེར་ན། ད་ལྟའི་དུས་སྐབས་འདིར་སི་རི་ཡའི་ Syria ནང་མཚོན་ན། མི་མང་རྣམས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། དེར་བརྟེན་དངོས་ཡོད་ཉེན་ཁའི་གནས་སྟངས་འོག་ནས་མང་པོ་ཞིག་སྐྱབས་བཅོལ་བ་ཆགས་བཞིན་ཡོད། ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་དང་ལྷག་པར་འཇར་མན་ཡུལ་གྱིས་སྐྱབས་བཅོལ་བ་ཚོར་སྡོད་ཁང་གི་མཐུན་འགྱུར་སྐྲུན་རྒྱུ་སོགས་ཧ་ཅང་ཡག་པོ་གནང་ཡོད། སྤྱིར་ཁོང་རྣམས་ལ་སྐྱབས་བཅོལ་ཆེད་རོགས་རམ་གནང་རྒྱུ་དང་། ཕྲུ་གུ་ཚོར་ཤེས་ཡོན་གྱི་གོ་སྐབས་སྐྲུན་རྒྱུ། དེ་བཞིན་སྐྱབས་བཅོལ་བ་དེ་དག་ཁྲོད་ཀྱི་ན་གཞོན་ཚོར་ལས་ཀའི་སྦྱོང་བརྡར་སྤྲོད་རྒྱུ་སོགས་ཤིན་ཏུ་འོས་ཤིང་འཚམས་པ་ཞིག་ཡིན། འོན་ཀྱང་སྐྱབས་བཅོལ་བ་དེ་དག་ཡུལ་གྲུ་གང་ནས་ཡོང་བའི་ས་ཁུལ་དེ་དག་ནང་དུ་ཞི་བདེ་སླར་གསོ་ཡོང་ཐབས་གནང་རྒྱུ་དེ་མཚུངས་གལ་འགངས་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན་མཐར་སྐྱབས་བཅོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་ལ་རོགས་འདེགས་ཞུ་ཐུབ་པ་ཞིག་དགོས། ང་ཚོ་བོད་མི་བཙན་བྱོལ་བ་ཕལ་མོ་ཆེས་ཉིན་གཅིག་རང་ཡུལ་དུ་ཕྱིར་ལོག་གིས་རྒྱལ་ཁབ་འཛུགས་སྐྲུན་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་བཀའ་ལན་མཛད།

དེ་རྗེས་གསར་འགོད་པས་ཨི་རག་དང་སི་རི་ཡའི་ནང་གི་དཀའ་རྙོག་དེ་དག་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐུབ་རྒྱུར་ཐུགས་རེ་མཛད་བཞིན་ཡོད་སྐོར་གྱི་དྲི་བར་བཀའ་ལན་མཛད་དོན། འཚེ་བའི་ལས་ལ་བརྟེན་ན་རྗེས་འབྲས་སུ་འཚེ་བ་དེ་བས་ཚབས་ཆེ་རུ་འགྲོ་རྒྱུ་རེད། དུས་རབས་ ༢༠ ནང་འཚེ་བའི་ལས་ཧ་ཅང་ཚབས་ཆེ་བསགས་ཡོད། དཀའ་རྙོག་ཇི་འདྲ་ཞིག་ཡིན་རུང་དཀའ་ངལ་དེ་སེལ་རྒྱུའི་ཐབས་ལམ་ཉག་ཅིག་ཡོད་པ་ནི་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན། ཞེས་བཀའ་ལན་མཛད་པ་དང་སྦྲགས་༸གོང་ས་མཆོག་གི་ཕུགས་ཀྱི་དགོངས་པ་བཞེས་ཕྱོགས་དེ་གོ་མཚོན་མེད་པའི་འཛམ་གླིང་ཞིག་སྐྲུན་དགོས་སྟབས། དང་ཐོག་དེར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཕྱག་སྦྲེལ་ཞིག་གིས་དེ་སྔ་གོ་མཚོན་ཉོ་ཚོང་ལ་དམ་བསྒྲགས་བཀག་སྡོམ་བྱེད་དགོས་སྐོར་གསུངས་པ་ལྟར་བྱེད་དགོས་སྐོར་བཀའ་ལན་སྩལ། དེ་རྗེས་གསར་འགོད་པས་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་ཀྱི་གནད་དོན་གསལ་ནས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་མེད་སྐོར་གྱི་དྲི་བར་བཀའ་ལན་མཛད་དོན། ཕྱི་ལོ་ ༡༩༥༦ ལོར་རྒྱ་ནག་གཞུང་གིས་བཙན་ཤེད་འོག་བཅོས་འགྱུར་ཟེར་བའི་སྲིད་བྱུས་བཙན་ཐབས་ཀྱི་ལག་བསྟར་བྱས་འབྲས་སུ་བོད་མི་ཚོས་ངོ་རྒོལ་གྱེན་ལོག་བྱས་ཡོད། དེར་བརྟེན་ཕྱི་ལོ་ ༡༩༥༩ ལོར་བྲོས་བྱོལ་དུ་འགྲོ་རྒྱུ་ལས་འདམ་ཁ་གཞན་གང་ཡང་མ་ལྷག་པ་རེད།

སྤྱིར་ངོས་རང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དེ་ཡིད་དབང་འཕྲོག་པོ་ཞིག་མཐོང་གི་འདུག  རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་ཆ་མཚོན་ན་ཐོག་མའི་སྐབས་དམངས་ཀྱི་བདེ་སྡུག་ལ་ལྷག་བསམ་རྣམ་དག་ཐོག་ནས་ལས་ཀ་བྱས་ཡོད། དེ་རྗེས་ཕྱི་ལོ་ ༡༩༥༦ དང་ ༡༩༥༧ སྐབས་ནས་རིམ་བཞིན་དབང་ཆས་མི་འཕྲོ་བརླག་བཏང་། འོན་ཀྱང་འདས་པའི་ལོ་ངོ་ ༤༠ ནང་རྒྱ་ནག་ནང་དུ་མཚོན་ན་འགྱུར་བ་ཧ་ཅང་ཕྱིན་ཡོད།  ཅེས་བཀའ་ལན་སྩལ་རྗེས་འབྱུང་འགྱུར་བོད་ནང་མང་གཙོའི་ལམ་ལུགས་ལག་བསྟར་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་མེད་ཀྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ངོས་རང་ཆུང་བྱིས་པའི་དུས་ནས་བོད་གཞུང་གི་ལམ་སྲོལ་རྙིང་པ་དེར་འགྱུར་བཅོས་གཏོང་དགོས་པ་མང་པོ་ཞིག་མཐོང་བྱུང་། དེ་རྗེས་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་འགན་ལེན་རྗེས་ལེགས་བཅོས་ལས་ཁུངས་གསར་འཛུགས་བྱས་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་དེར་མོས་མཐུན་མ་བྱས་པ་རེད། གང་ཡིན་བརྗོད་ན་ཁོ་པ་ཚོས་བོད་ནང་བཅོས་སྒྱུར་གཏོང་རྒྱུ་དེ་གུང་ཁྲན་ཏང་གི་ལམ་སྲོལ་ལྟར་འགྲོ་དགོས་པ་དེས་རེད། དེ་ནས་རིམ་བཞིན་བཙན་བྱོལ་ནང་དུ་གྲོས་ཚོགས་འཛུགས་རྒྱུས་མཚོན་རིམ་བཞིན་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་དབང་ཆ་ཡོངས་རྫོགས་ཕྱི་ལོ་ ༢༠༡༡ ལོར་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་ལ་རྩིས་སྤྲད་ནས་ད་ཆ་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་བཞིན་ཡོད་སྐོར་བཀའ་ལན་མཛད་གནང་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།