༧གོང་ས་མཆོག་དང་སུ་ལོ་ཝག་ཡལ་གྱི་སྲིད་གཉིས་མཇལ་འཕྲད་གནང་པ།

 པར་འདེབས།

༢༠༡༦།༡༠།༡༩ཉིན་སྤེལ། ༧གོང་ས་མཆོག་དང་སུ་ལོ་ཝག་ཡུལ་གྱི་སྲིད་འཛིན་མཆོག་མཇལ་འཕྲད་མཛད་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་འདུག

 

འདི་ཟླའི་ཕྱི་ཚེས་ ༡༦ ཉིན། ༧གོང་ས་མཆོག་དང་སུ་ལོ་ཝག་ཡུལ་གྱི་སྲིད་འཛིན་སྐུ་ཞབས་ཨན་དེ་རེ་ཇི་ཀི་སི་ཀ་ Andrej Kiska མཆོག་རྣམ་གཉིས་ཡུལ་དེའི་རྒྱལ་ས་བྷར་ཏི་སི་ལ་ཝའི་ Bratislava ཨེལ་ཊི་ཊུ་ཌི་གསོལ་མགྲོན་ཁང་Altitude Restaurant དུ་མཇལ་འཕྲད་མཛད་ནས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་ཡོད་འདུག

དེར་བརྟེན་ཕྱི་ཚེས་ ༡༧ ཉིན་རུ་ཊར་སི་Reuters གསར་ལས་ཁང་གིས་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧུ་ཅོང་ཡིང་ཟེར་བས་རྒྱལ་ས་པེ་ཅིང་དུ་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས་སུ། ཀི་སི་ཀས་ Andrej Kiska རྒྱ་ནག་གཅིག་གི་སྲིད་བྱུས་ལངས་ཕྱོགས་ལ་སྣང་ཆུང་ཁྱད་གསོད་དུ་བཏང་ནས་ང་ཚོས་དགག་བྱ་ཤུགས་ཆེ་བྱེད་ཡུལ་གྱི་མི་སྣ་དང་མཇལ་འཕྲད་བྱས་ཡོད། འདི་ནི་སུ་ལོ་ཝ་ཀི་ཡའི་སྲིད་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལངས་ཕྱོགས་ལ་བརྩི་བཀུར་དང་ལེན་བྱ་རྒྱུའི་ཁས་ལེན་བྱས་པ་དང་ཡོངས་སུ་རྒྱབ་འགལ་རེད་ཅེས་དང་།

གཞན་ཡང་ང་ཚོས་མཇལ་འཕྲད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་དེར་གཞིགས་པའི་ལན་ཞིག་སློག་རྒྱུ་ཡིན།  ཏཱ་ལའི་བླ་མས་ཡུན་རིང་ནས་བོད་དེ་རྒྱ་ནག་དང་ཁ་བྲལ་བྱ་ཐབས་བྱེད་བཞིན་ཡོད་ཅེས་དང་།

དེར་བརྟེན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གཞུང་འབྲེལ་མི་སྣ་སུས་ཀྱང་ཁོང་དང་མཇལ་བའམ་ཡང་ན་འབྲེལ་བ་བྱས་ཚེ་དེར་ང་ཚོས་ངོ་རྒོལ་བྱེད་བཞིན་ཡོད། ཐེངས་འདིར་ཀི་སི་ཀས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་དེས་རྒྱ་ནག་དང་སུ་ལོ་ཝ་ཀིའི་ཡུལ་གཉིས་དབར་གྱི་ཆབ་སྲིད་འབྲེལ་ལམ་གྱི་རྨང་གཞི་ཞིག་རལ་དུ་སོང་ཡོད།

ང་ཚོས་སུ་ལོ་ཝ་ཀི་ཡའི་ཡུལ་གྱིས་ཏཱ་ལའི་བླ་མའི་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་བྱུས་ངན་དེ་གསལ་པོ་ཤེས་པ་བྱས་ནས་རྒྱ་ནག་གཞུང་གི་རྩ་བའི་ལངས་ཕྱོགས་དང་ཚོར་བ་སྐྱེན་པའི་སྲིད་བྱུས་གཙོ་ཆེ་ཁག་ལ་ལྷག་བསམ་རྣམ་དག་ཐོག་ནས་བརྩི་བཀུར་ཞུ་དགོས། ཞེས་བཤད། །

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།